རྒྱ་ནག་ཧྲང་ཧེ་རུ་སྒོ་རྒྱག་དགོས་བྱུང་བའི་དཔེ་ཚོང་ཁང་ཞིག་ཨ་རིའི་རྒྱལ་སར་སྒོ་འབྱེད་བྱས་འདུག

རྒྱ་ནག་ཧྲང་ཧེ་རུ་སྒོ་རྒྱག་དགོས་བྱུང་བའི་གུ་ཡངས་རིང་ལུགས་ཀྱི་དཔེ་དེབ་ཚོང་ཁང་ཞིག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སྒོ་འབྱེད་བྱས་འདུག

རྒྱ་ནག་ཧྲང་ཧེ་རུ་སྒོ་རྒྱག་དགོས་བྱུང་བའི་གུ་ཡངས་རིང་ལུགས་ཀྱི་དཔེ་དེབ་ཚོང་ཁང་ཞིག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སྒོ་འབྱེད་བྱས་ཡོད་པ། ༠༩།༠༥།༢༠༢༤ ནོར་སྡེ། /RFA

དེ་ཡང་རྒྱ་སྐད་དུ་(Jifeng Shuyuan)་དང་དབྱིན་ཡིག་ནང་(liberal bookstore)་ཞེས་དེ་སྔ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་རུ་ཡོད་པའི་གུ་ཡངས་རིང་ལུགས་ཀྱི་དཔེ་དེབ་ཚོང་ཁང་དེ་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། དཔེ་དེབ་ཚོང་ཁང་དེ་སྒོ་བརྒྱབ་ནས་ལོ་དྲུག་གི་རྗེས་ཏེ་སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༩ཚེས་༡ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་སླར་ཡང་སྒོ་འབྱེད་བྱས་ཡོད་པ་རེད།


ཨ་རིའི་རྒྱལ་སའི་དབུས་སུ་ཆགས་པའི་(Dupont Circle)་རུ་གསར་ཏུ་སྒོ་འབྱེད་བྱས་པའི་(Jifeng)་དཔེ་དེབ་ཚོང་ཁང་དེའི་རྒྱ་ཁྱོན་ལ་རྨིས་གྲུ་བཞི་མ་༢༠༠ལྷག་ཡོད་པ་དང་། ཁྱོན་དཔེ་དེབ་ཁྲི་གཅིག་ལྷག་ཡོད་པ་དེའི་ནང་གི་བརྒྱ་ཆའི་༧༠ལྷག་རྒྱ་ནག་སྐམ་ས་དང་། ཐེ་ཝན་ནས་དཔར་བསྐྲུན་བྱས་པའི་རྒྱ་ཡིག་གི་དཔེ་དེབ་དང་། བརྒྱ་ཆའི་གསུམ་ནི་དབྱིན་ཡིག་ཐོག་བྲིས་པའི་རྒྱ་ནག་སྐོར་གྱི་དེབ་ཡིན་ཞིང་། དེ་ནི་རྒྱ་ནག་ཐད་དོ་སྣང་ཡོད་པའི་ས་གནས་ཀྱི་མི་དམངས་ལ་ཞབས་འདེགས་སྒྲུབ་ཆེད་དུ་ཡིན་སྐོར་དེབ་ཚོང་ཁང་དེའི་བདག་པོ་(Yu miao)་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་བཅར་འདྲིའི་སྐབས་བརྗོད་འདུག་ལ། དཔེ་ཁང་དེའི་ནང་རྒྱ་ཡིག་དང་དབྱིན་ཡིག་གིས་བྲིས་བའི་བོད་དང་འབྲེལ་ཡོད་དཔེ་དེབ་ཁག་ཅིག་ཡང་མཐོང་རྒྱུ་ཡོད་པ་རེད།


ཡང་མ་འོངས་པར་དཔེ་དེབ་ཚོང་ཁང་དེ་ཇི་ལྟར་གཉེར་མིན་གྱི་ཐད་ནས་གླེང་སྐབས། (Yu miao)་ཡིས་དེ་སྔ་དེབ་ཚོང་ཁང་དེ་ཧྲང་ཧེ་རུ་ཡོད་པའི་སྐབས་ཀྱི་དམིགས་ཡུལ་དང་ཁྱད་ཆོས་མུ་མཐུད་དུ་རྒྱུན་སྐྱོང་དང་ཀློག་པ་པོའི་མཉམ་དུ་དངོས་སུ་བགྲོ་གླེང་བྱེད་སའི་ཁོར་ཡུག་ཞིག་ཏུ་བསྐྲུན་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་ལྟར། སྤྱི་ཟླ་དགུ་པ་འདིའི་ནང་དེ་འདྲའི་བྱེད་སྒོ་གསུམ་སྤེལ་རྒྱུའི་འཆར་གཞི་སྒྲིག་ཚར་ཡོད་པ་བརྗོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org