བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོ་དུས་བཀག་བཞིན་འགྲུབ་བཟོ།
བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ལས་དོན་དུས་བཀག་ནང་ཚུད་མཇུག་བསྒྲིལ་ཐུབ་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས།
-
2009-10-14 -
-
-
༄༅༎བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་མང་པོས་བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ལས་དོན་དུས་བཀག་ནང་ཚུད་མཇུག་བསྒྲིལ་ཐུབ་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་དང་ཕྱོགས་མཚུངས་དེ་སྔ་བལ་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གཏན་སྡོད་བྱེད་མི་ཚོར་རྒྱལ་ཁབ་གཉིས་ཀྱི་མི་སེར་བྱེད་ཆོག་པའི་ཐོབ་ཐང་སྤྲོད་རྒྱུར་རྒྱབ་སྐྱོར་ཡོད་ལུགས་གཏམ་བཤད་གནང་འདུག
འཛམ་གླིང་ཡོངས་སུ་གནས་པའི་ཕྱི་སྡོད་བལ་པོའི་ལྷན་ཚོགས་ཐེངས་བཞི་པ་བལ་ཡུལ་རྒྱལ་སའི་ནང་རེས་གཟའ་མིག་དམར་ནས་འགོ་བཙུགས་ཀྱིས་ལྷན་ཚོགས་གནང་བཞིན་པ་དང་ལྷན་ཚོགས་དེའི་ནང་བལ་ཡུལ་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དུ་མ་ལྷན་བཞུགས་གནང་ཡོད་ཅིང་རྩ་ཁྲིམས་གསར་པ་ཕྱི་ལོ་ཉིས་སྟོང་བཅུའི་ཕྱི་ཟླ་ལྔ་པའི་ཚེས་བཅུ་ནང་ཚུད་ལེགས་གྲུབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་དང་ཕྱི་སྡོད་བལ་པོ་རྣམས་ཀྱིས་བལ་ཡུལ་གྱི་དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་གཏོང་རྒྱུར་ཕན་རླབས་གང་ལེགས་བྱུར་བར་བསྔགས་བརྗོད་དང་སྦྲགས་བལ་པོ་དེ་དག་རང་རང་གནས་སྡོད་བྱ་ཡུལ་ཕྱིའི་རྒྱལ་ཁབ་དེ་དག་གི་མི་སེར་ཡིན་མུས་ཁར་བལ་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཡང་བྱ་ཆོག་པའི་རྩ་ཁྲིམས་གཏན་འབེབས་བྱ་རྒྱུར་འགོ་ཁྲིད་ཚོས་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་འདུག བལ་ཡུལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ལས་ཚབ་སུའུ་ཤིལ་ཀོའེ་རེ་ལ་དང་གཞུང་འཛིན་སི་པི་ཨེན་ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཇཱ་ལ་ནའཐ་ཁ་ནལ། ཆིག་བསྒྲིལ་མའོའི་དམར་ཤོག་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་སྦ་ཏ་རའེ། མ་རྡེ་ཤི་ཇ་ན་རྡི་ཀར་ཕོ་རམ་ཚོགས་པའི་ཚོགས་གཙོ་ཨུ་པེན་རྡར་ཡ་རྡལྦ་བཅས་ལྷན་ཚོགས་སུ་ཕེབས་ཏེ་གཏམ་བཤད་གནང་འདུག འོན་ཀྱང་མའོའི་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནང་ཁྲིམས་བཟོའི་ལས་དོན་ལ་སོགས་པའི་གྲོས་གཞི་ཁག་གྲོས་ཚོགས་ནང་བགྲོ་གླེང་བྱེད་མ་བཅུག་པར་འགོག་རྐྱེན་མུ་མཐུད་བྱེད་མུས་ཡིན་པ་རེད།