༢༠༠༨ལོའི་དྲག་གནོན་བོད་མི་ཚོས་དེ་བས་བརྗེད་ཐབས་མེད།
ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པས་རྒྱ་རིགས་ཤེས་ཡོན་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་འདུག
-
2013-11-18 -
-
-
ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པས་རྒྱ་རིགས་ཤེས་ཡོན་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། གྲོང་ཁྱེར་ཉེ་འདབས་ཀྱི་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས། ཕྱི་ཚེས་༡༥ཉིན་ནིའུ་ཡོག་གྲོང་ཁྱེར་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ཉེར་ལྔ་འཁོར་སྐབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འཆར་གཞི་གསལ་བསྒྲགས་བྱེད་པའི་གསར་འགོད་ཚོགས་འདུ་ཞིག་བསྐོང་འཚོགས་གནང་བའི་སར། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་གཏམ་བཤད་གནང་འདུག།
ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་ནང་དངོས་སུ་ཞུགས་མྱོང་མཁན་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་མཁས་དབང་ཝང་ཅུན་ཐའོ་དང་། སྲིད་དོན་དབྱེ་ཞིབ་པ་ཧུའུ་ཕིང་། ཁྲིམས་རྩོད་པ་ཤང་ཞའོ་ཇི་སོགས་རྒྱ་རིགས་ཤེས་ཡོན་ཅན་དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་༦༠ཙམ་ཚོགས་འདུ་དེར་མཉམ་ཞུགས་གནང་ནས་དྲུག་བཞིའི་དོན་རྐྱེན་སྐོར་གཏམ་བཤད་གནང་ཡོད་པ་རེད།
ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་གསར་འགོད་ཚོགས་འདུ་དེའི་ཐོག་གསུང་བཤད་གནང་བའི་ནང༌།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་འདི་བཞིན་འཛམ་གླིང་ཀུན་གྱིས་བརྩི་བཀུར་ཐོབ་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་དང༌། བོད་མི་མང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་བ་ཡིན་ན། བོད་འདི་རྒྱ་ནག་ནས་ཁ་བྲལ་དུ་མ་སོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས། བོད་མི་རྣམས་ཀྱང་རྒྱ་ནག་མི་མང་དང་མཉམ་དུ་རང་དབང་དང་། མང་གཙོ། ཁྲིམས་ལུགས་དབང་ཛིན་བཅས་ཀྱི་ལམ་ལུགས་དང་། དངོས་པོའི་ཡར་རྒྱས་ལོངས་སྤྱོད་བྱེད་རྒྱུ་ཡིན་ཞེས་ཡང་ཡང་བཀའ་སློབ་སྩལ་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ཀུན་དགའ་ལགས་ཀྱིས་མི་རབས་བརྗེ་པོ་ཐེབས་པ་དང་སྤྱི་ཚོགས་འཕོ་འགྱུར་འགྲོ་གི་ཡོད་ཀྱང་། བོད་པའི་གཞོན་སྐྱེས་མི་རབས་ཚོས་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ལོ་རྒྱུས་ཀྱི་དོན་ཆེན་དེ་བརྗེད་མེད་པ་དང་། ༡༩༨༩ ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དྲག་གནོན་བྱས་པའི་ལོ་རྒྱུས་བརྗེད་མེད་ལ། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ཉིན་བོད་ས་ཡོངས་ལ་དྲག་གནོན་བྱས་པའི་ལོ་རྒྱུས་བོད་མི་ཚོས་དེ་བས་བརྗེད་མེད་པའི་སྐོར་རྒྱ་རིགས་ཚོར་འགྲེལ་བརྗོད་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།