བལ་ཡུལ་དུ་ཚོགས་པ་ཆེ་ཁག་གི་དབུ་ཁྲིད་བར་ལྷན་འཛོམས།

བལ་ཡུལ་རྩ་ཁྲིམས་གསར་བཟོ་ལས་དོན་ཚོགས་ཆུང་ནང་གི་སྲིད་དོན་ཚོགས་པ་ཆེ་ཁག་གི་ཆབ་སྲིད་དབུ་ཁྲིད་ཚོའི་ཆེས་མཐོའི་ལྷན་འཛོམས།

༄༅༎བལ་ཡུལ་ཀོང་རེསི་ཚོགས་པའི་ཚོགས་གཙོ་གིར་ཇ་པར་སརྡ་ཀོའེ་རེ་ལ་མཆོག་གི་སྣེ་འཁྲིད་འོག་བལ་ཡུལ་རྩ་ཁྲིམས་གསར་བཟོ་ལས་དོན་ཚོགས་ཆུང་ནང་གི་སྲིད་དོན་ཚོགས་པ་ཆེ་ཁག་གི་ཆབ་སྲིད་དབུ་ཁྲིད་ཚོའི་ཆེས་མཐོའི་ལྷན་འཛོམས་ཤིག་ཁ་ས་གནང་འདུག།

གོང་ཞུས་ཀྱི་ལྷན་འཛོམས་དེ་བཞིན་བལ་ཡུལ་ནང་ཞི་བདེ་འབྱུང་ཐབས་དང༌རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་གཟོའི་ལས་དོན་ལ་ནུས་པ་ཐོན་རྒྱུའི་དམིགས་ཡུལ་ཐོག་ནས་ཀོའེ་རེ་ལ་མཆོག་གིས་དགོངས་འཆར་ཡིན་པ་དང༌། ལྷན་འཛོམས་དེ་དག་ཁ་ས་ཀོའེ་རེ་ལའི་གཟིམ་ཤག་ཏུ་ཚུགས་གནང་བ་དང༌། ཆེས་མཐོའི་ཆབ་སྲིད་མི་སྣའི་ལྷན་ཚོགས་དེའི་ཚོགས་ཁོངས་སུ་མའོ་ཚོགས་པའི་ཚོགས་གཙོ་པུཤ་པ་ཀ་མལ་རྡ་ཧལ་དང་བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཇ་ལ་ནཐ་ཁ་ནའེ་གཉིས་བསྐོ་འཛུགས་གནང་ཡོད་པ་དང༌། སྲིད་དོན་ཚོགས་པ་གཞན་དང་བཀའ་བསྡུར་གནང་རྗེས་ཆེས་མཐོའི་ལྷན་ཚོགས་དེ་རྒྱ་ཆེ་རུ་གཏོང་གནང་རྒྱུའི་འཆར་གཞི་འདུག།

ཚོགས་འདུའི་ཐོག་ཕེབས་པའི་བལ་ཡུལ་ཀོང་རེསི་ཚོགས་པའི་དབུ་ཁྲིད་ཀིརིཤ་ན་པར་སརྡ་སི་ཏོ་ལ་ཡིས་བལ་ཡུལ་གྱི་འགོ་ཁྲིད་ཚོར་རྒྱལ་ནང་གི་ཆབ་སྲིད་དཀའ་རྙོག་སེལ་ཐུབ་པའི་འཇོན་ཐང་ཡོད་པ་དང༌། ཆབ་སྲིད་ལས་དོན་ཚོགས་ཆུང་གསར་འཛུགས་གནང་བ་དེ་ནས་ར་འཕྲོད་ཐུབ་རྒྱུ་ཡིན་སྐོར་གསུངས་ཏེ། ཡུལ་གྱི་དབུ་ཁྲིད་ཚོའི་དབར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱུང་བ་ཡིན་ན་རྒྱལ་ཁབ་ཀྱི་དཀའ་རྙོག་ངེས་པར་སེལ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བཞག།

བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་རྒྱལ་སའི་ནང་བཞུགས་མེད་སྟབས་ལྷན་འཛོམས་དེའི་ཐོག་ཕེབས་ཐུབ་མེད་པ་རེད། ལྷན་འཛོམས་དེ་གྲུབ་མཚམས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ལས་དོན་གང་མགྱོགས་དབུ་འཛུགས་གནང་རྒྱུ་དང༌། རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་སྲིད་དོན་ཚོགས་པ་གཞན་གྱི་དབུ་ཁྲིད་ཚོ་བསྐོ་འཛུགས་གནང་སྟེ། བལ་ཡུལ་ནང་གི་ཞི་བདེའི་བྱ་རིམ་ལ་གང་མགྱོགས་གྲུབ་འབྲས་ཐོན་པའི་ཐབས་ཤེས་གང་ཡོང་གནང་རྒྱུ་ཡིན་སྐོར་གསལ་སྟོན་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org