རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་ཆེན་པོ་བྱེད་བཞིན་པར་སྲིད་སྐྱོང་མཆོག་གིས་སྐྱོན་བརྗོད་གནང་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ད་ལྟ་བོད་མི་རིགས་རྩ་བརླག་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས་བོད་ཀྱི་སྐད་ཡིག་དང་ཆོས་རིག་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་འདུག

སྲིད་སྐྱོང་མཆོག་ཀིརྟི་བྱེས་པ་གྲྭ་ཚང་དུ། ༠༥།༡༣།༢༠༢༢ RFA/Dhasa

ཕྱི་ཟླ་༥པའི་ཚེས་༡༣ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་དང་རིག་གཞུང་གཅིག སྐད་ཡིག་གཅིག་ཟེར་བའི་སྲིད་བྱུས་ཀྱི་འོག་སྔོན་འགྲོའི་སློབ་གྲྭ་ནས་རྒྱ་ཡིག་གཙོ་བཟུང་གི་སློབ་འགོ་བཙུགས་པ་དང་། སློབ་ཕྲུག་གི་གྲངས་བརྒྱ་ཆ་བརྒྱད་ཅུ་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་ཕ་མ་དང་ཁ་བྲལ་རྒྱང་རིང་དུ་བཞག་ནས་བོད་ཕྲུག་དེ་དག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྩ་བ་ནས་འབྲེལ་བ་མེད་པ་བཟོས་ཏེ། བོད་རིགས་ཚང་མ་རྒྱ་རིགས་སུ་བསྒྱུར་བའི་སྲིད་བྱུས་གཏིང་ཟབ་ཞིག་བཟུང་བཞིན་ཡོད་པ་ཀིརྟི་བྱེས་པ་གྲྭ་ཚང་གི་ཕར་ཕྱིན་དང་མཛོད། འདུལ་བ་དང་རིག་གནས་བཅས་ཀྱི་སློབ་ཐོན་གྱི་མཛད་སྒོ་ཞིག་གི་སྐབས་གསུངས་འདུག སྲིད་སྐྱོང་མཆོག་མཛད་སྒོ་དེའི་ཐོག་དམིགས་བསལ་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བ་ཞིག་ཡིན་པ་རེད།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀིརྟི་གྲྭ་ཚང་དུ་དཔེ་ཆ་བ་མང་པོ་ཡོད་པར་བསྔགས་བརྗོད་དང་འབྲེལ། བོད་མིའི་རང་དབང་འཐབ་རྩོད་ཁྲོད་རང་ལུས་མེར་བསྲེགས་སོགས་མང་པོ་ཞིག་ཀིརྟིའི་ཁུལ་དུ་བྱུང་ཡོད་པ་སོགས་གསུངས་འདུག
བོད་ལས་འགུལ་ལྟེ་གནས་ཁང་ངམ་ (Tibet Action Institute) ཡིས་ཟླ་ཤས་སྔོན་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དེང་སྐབས་བོད་ནང་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཕྲུག་མང་ཆེ་བ་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཞག་ཡོད་པ་དང་། དེས་བོད་པའི་སློབ་ཕྲུག་དེ་དག་ལ་རང་གི་སྐད་ཡིག་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་སོགས་ཀྱི་གོམས་གཤིས་མི་སླེབས་རྒྱུར་རྒྱ་ནག་གཞུང་གིས་སྲིད་བྱུས་བཟུང་བཞིན་ཡོད་པ་བཀོད་ཡོད་ཅིང་། ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་ཀེ་ན་ཌའི་ཁུལ་གཞུང་དོན་ཕྱོགས་ཕེབས་སྐབས་ཨ་རི་དང་ཀེ་ན་ཌའི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་ལ་སོགས་པ་མཇལ་འཕྲད་སྐབས་ད་ལྟའི་རྒྱ་ནག་གཞུང་གི་བོད་ཐོག་བཟུང་བཞིན་པའི་སྲིད་བྱུས་དེ་དག་ནི་བོད་མི་རིགས་རྩ་མེད་བཟོ་ཐབས་ཡིན་པ་འགྲེལ་བརྗོད་དང་གསལ་བཤད་ནན་པོ་གནང་ཡོད་ལ། དེ་རིང་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་ཆར་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས། བོད་མི་རིགས་རྩ་གཏོར་ཁོ་ན་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ། བོད་ཀྱི་སྐད་ཡིག་དང་ཆོས་རིག་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་གསུངས་འདུག
ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༩ནས་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་སོགས་ཀྱི་ནང་། ནང་ཆོས་སློབ་ཁྲིད་ཀྱི་སྐད་ཡིག་རྒྱ་མིའི་སྤྱི་འགྲོས་སྐད་དུ་བསྒྱུར་དགོས་པ་དང་། གཞུང་འབྲེལ་གྱི་ནང་པའི་མཐོ་སློབ་དང་འཐབ་ཕྱོགས་གཅིག་གྱུར་སོགས་ཀྱིས། རྒྱ་སྐད་ཡར་རྒྱས་སུ་གཏོང་དགོས་པ་གཏན་འབེབས་བཟོས་ཡོད་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་དམིགས་བསལ་སྙན་ཐོ་བཏོན་ཡོད་པ་རེད། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ཀྱིས་སློབ་ཐོན་པ་རྣམས་ཡིག་ཚད་ཀྱི་ཆ་ནས་འདོད་པ་ཁེངས་པ་དང་། གྲྭ་ཚང་གི་སྒྲིག་གཞི་དང་མཐུན་པ་ཞིག་བྱུང་བ་སོགས་འགྲེལ་བརྗོད་གནང་གི་འདུག


མངོན་པ་མཛོད་ཀྱི་རབ་འབྱམས་སློབ་ཐོན་པ་ཨ་ལགས་ཙ་འགུ་ལགས་ནས། དཔེ་ཆ་ལ་རྒྱུན་རིང་ལོ་མང་བལྟས་ཏེ་དཀའ་ལས་མང་པོ་ཡོད་ནའང་། རང་གིས་ནུས་པ་གང་ཡོད་བཏོན་ནས་གྲུབ་འབྲས་ཤིག་བཏོན་པར་དགའ་ཚོར་ཆེན་པོ་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་ཐོན་པའི་མཛོད་དང་འདུལ་བ། ཕར་ཕྱིན་དང་རིག་གནས་རབ་འབྱམས་ཁག་ནི། བོད་ནང་རྔ་བ་ཀིརྟི་དགོན་པ་དང་སྟག་ཚང་ལྷ་མོ་ཀིརྟི་དགོན་པ། གདོང་རི་དགོན་པ་དང་ཀ་ལ་རི་ཁྲོད། ར་རྒྱ་དགོན་པ་དང་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་སོགས་ཀྱི་དགེ་འདུན་པ་ཡིན་ཅིང་། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ། ཆོས་དང་རིག་གནས་སློབ་གཉེར་བ་མང་ཤོས་ཐོན་ཡུལ་ཅིག་ཡིན་པ་མ་ཟད། བོད་ཡིག་ཐོག་ཆོས་དང་རིག་གཞུང་གི་དཔེ་དེབ་མང་ཤོས་འདོན་མཁན་གྱི་དགོན་སྡེ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org