བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨིལ་འདས་གྲོངས།
བྱང་ཀོ་རི་ཡའི་འགོ་ཁྲིད་འདས་གྲོངས་སུ་ཕྱིན་པ་དེས་ཡུལ་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་ཡང་ན་དམག་འཁྲུག་གི་ཉེན་ཁ་ཡོད་པ།
-
2011-12-19 -
-
-
༄༅༎བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་དེ་རིང་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་མ་ཐག་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་གིས་ གདུག་རྩུབ་ཅན་གྱི་འགོ་ཁྲིད་དེ་འདས་གྲོངས་ཕྱིན་པའི་རྗེས་བྱང་ཀོ་རི་ཡའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་ཆེ་རུ་ཕྱིན་ཡོད་ནའང༌། ཁྱིམ་མཚེས་ལྷོ་ཀོ་རི་ཡའི་ནང་ཁག་ཅིག་གིས་དམག་འཁྲུག་ལངས་རྒྱུའི་ཉེན་ཁ་མཐོང་བཞིན་ཡོད་པ་རེད།
བྱང་ཀོ་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་ཐོག་གྱོན་ཆས་ནག་པོ་སྤྲས་པའི་གསར་འགོད་པ་ཞིག་གིས་ངུ་བཞིན་དུ་ ཁོང་ཚོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ ཀིམ་ ཇུང་ ཨིལ་འདས་གྲོངས་ཕྱིན་པའི་གནས་ཚུལ་འཛམ་གླིང་ཡོངས་ལ་རྒྱང་བསྲིང་བྱས་ཡོད་ཅིང༌། གཞུང་འབྲེལ་གསར་ལམ་དེས་བྱང་ཀོ་རི་ཡའི་མང་ཚོགས་ལ་ ཀིམ་གྱི་བུ་ཆུང་ཤོས་དང་ཁོང་གི་རྗེས་ཤུལ་འཛིན་མཁན་ཀིམ་ཇོང་ཨུན་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཇར་མ་ནི་གཞུང་གིས་ཀིམ་ཇུང་ཨིལ་འདས་གྲོངས་ཕྱིན་པ་དེས་རྡུལ་ཕྲན་གོ་མཚོན་བདག་དབང་བྱེད་མཁན་གྲོགས་མེད་ཁེར་རྐྱང་དུ་གནས་བཞིན་པའི་དབུལ་ཕོངས་རྒྱལ་ཁབ་དེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་གཟིགས་ཀྱི་ཡོད་པ་དང༌། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཡུལ་དེའི་འགོ་ཁྲིད་མེད་པར་གྱུར་བའི་གནས་སྟངས་འོག་བྱང་ཀོ་རི་ཡ་ཆིག་བསྒྲིལ་གནས་པའི་རེ་བ་དང་ཀོ་རི་ཡ་ཕྱེད་གླིང་ནང་ཞི་བདེ་སྲ་བརྟན་ཡོང་ཐབས་སུ་རྒྱ་ནག་གིས་རོགས་རམ་གང་ཐུབ་བྱ་རྒྱུའི་ཁས་ལེན་ཡང་བྱས་འདུག།
ཀིམ་ཇུང་ཨིལ་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་མ་ཐག། ཉིང་ཧོང་གིས་མཐོ་རིམ་བློན་ཆེན་རིམ་པའི་ཛ་དྲག་ལྷན་ཚོགས་ཤིག་འདུ་སྐོང་གནང་སྟེ། བྱང་ཀོ་རི་ཡར་སེམས་གསོ་དང་འབྲེལ། མངའ་ཁུལ་གྱི་བདེ་འཇགས་གནད་དོན་སྐོར་བློ་འཚབ་ཡོད་པའི་གྲོས་བསྡུར་ཚོགས་འཛོམས་ཤིག་ཀྱང་གནང་བཞག།
དེ་བཞིན་ཕེ་རེན་སི་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ ད་བར་གྲོགས་མེད་ཁེར་རྐྱང་དུ་གནས་པའི་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་མང་ཚོགས་ལ་ད་ཆ་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་དང༌། ཡུ་རོཔ་མཉམ་སྦྲེལ་མཐུན་ཚོགས་ཀྱིས་ བྱང་ཀོ་རིཡའི་གནས་སྟངས་ཐོག་རྟོག་ཞིབ་ཟབ་ནན་གནང་རྒྱུ་ཡིན་ལུགས་གསུང་ཡོད་པ་དང༌། ཨ་མི་རི་ཀས་ཀིམ་ཇུང་ཨིལ་འདས་གྲོངས་ཕྱིན་པའི་གནས་ཚུལ་གསན་མ་ཐག། སྲིད་འཛིན་ཨོ་བ་མ་མཆོག་གིས་ནམ་ཕྱེད་ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་ལ་ཞལ་པར་གནང་ནས་ཀིམ་ཇུང་ཨིལ་འདས་གྲོངས་ཕྱིན་པའི་གནས་ཚུལ་སྐོར་བཀའ་མོལ་གནང་ཡོད་པ་རེད།