བོད་མི་ཚོའི་ལག་ནས་ས་ཆ་ཕྱིར་བསྡུ་གནང་རྒྱུ་མིན།

རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་ཚོས་གཞུང་གི་ས་ཆ་བདག་བཟུང་བྱེད་བཞིན་པ་དེ་དག་ཕྱིར་བསྡུ་གནང་རྒྱུ་མིན་པ་གསུངས་འདུག

བཞུགས་སྒར་རྡ་རམ་སཱ་ལ། དྲ་བཤུས།

རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་ཚོས་གཞུང་གི་ས་ཆ་བདག་བཟུང་བྱེད་བཞིན་པ་དེ་དག་ཕྱིར་བསྡུ་གནང་རྒྱུ་མིན་པ་གསུངས་འདུག
དེ་ཡང་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་ཚོས་གཞུང་གི་ས་ཆ་བདག་བཟུང་བྱེད་བཞིན་པ་དེ་དག་ཕྱིར་བསྡུ་གནང་རྒྱུ་མིན་སྐོར་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་Kaul Singhཡིས་ཁ་ཉིན་ཁོང་བཞུགས་སྒར་སྨན་རྩིས་ཁང་གི་མཛད་སྒོ་ཞིག་གི་སར་ཕེབས་སྐབས་གསུངས་ཡོད་པ་དང་། དེ་སྔོན་ཧི་མ་ཅལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེའི་ནང་བོད་མིས་ས་བདག་བཟུང་བྱས་པ་དེ་དག་གཞུང་བཞེས་གནང་རྒྱུའི་ཐག་གཅོད་གནང་ཡང་། ད་ཆ་ཧི་མ་ཅལ་གཞུང་གིས་དེ་དག་ཕྱིར་བསྡུ་མི་གནང་རྒྱུའི་སྲིད་བྱུས་ཤིག་གཏན་འཁེལ་གནང་ཡོད་སྐོར་འཕྲོད་བསྟེན་བློན་ཆེན་གྱིས་གསུངས་འདུག ཁོང་གིས། མངའ་སྡེའི་ནང་བོད་མི་སུ་ཞིག་གིས་གཞུང་གི་ས་བདག་བཟུང་གིས་ཁང་པ་རྒྱབ་པ་སོགས་བྱས་པ་དེ་དག་ཐད་མངའ་སྡེའི་གཞུང་ལ་སྙན་ཞུ་ཕུལ་བ་ཡིན་ན་དེ་དག་ཁྲིམས་མཐུན་བཟོ་རྒྱུའི་བརྒྱུད་རིམ་ཞིག་གཏན་འཁེལ་གནང་རྒྱུ་ཡིན་སྐོར་གསུངས་འདུག
དེ་མིན་སྐུ་ཞབས་Kaul Singhཡིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་དེ་ཐུན་མོང་མ་ཡིན་པ་ཞིག་དང་ཧ་ཅང་གི་རྙིང་པ་ཞིག་ཡིན་པ་མ་ཟད། བོད་སྨན་གྱིས་ཞོར་གནོད་མེད་པའི་ཁྱད་ཆོས་ཀྱང་ཡོད་སྐོར་གསུངས་འདུག ད་དུང་ཁོང་གིས་བོད་མི་རྣམས་ཧི་མ་ཅལ་མངའ་སྡེའི་ནང་ལོ་ངོ་༥༠ལྷག་གནས་སྡོད་གནང་ཡོད་སྟབས་ཁོང་རྣམས་ཧི་མ་ཅལ་མངའ་སྡེའི་རིག་གཞུང་གི་ཆ་ཤས་ཤིག་ཀྱང་ཆགས་པ་མ་ཟད། ཁོང་ཚོ་ནི་སྐྱབས་བཅོལ་བ་མིན་ཞིང་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཀྱང་ཡིན་སྐོར་གསུངས་འདུག ཡང་ཁོང་གིས་ཧི་མ་ཅལ་མངའ་སྡེའི་གཞུང་ཕྱོགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་རིགས་འདེབས་ལས་ཀྱི་ཆེད་མངའ་སྡེའི་རི་མཐོའི་ས་ཆ་ཨེ་ཀར་༢༠ནས་༢༥ཙམ་ཞིག་རྒྱས་བཅད་གནང་རྒྱུ་ཡིན་སྐོར་དང་། བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་མངའ་སྡེའི་འཕྲོད་བསྟེན་གྱི་མཐོ་སློབ་ཁག་ནང་ཞབས་སྟེགས་གཅིག་བོད་མི་ཚོའི་ཆེད་ཟུར་བཅད་གནང་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org