ཀརྨ་པ་མཆོག་གིས་ཨ་རིའི་ནང་སྙིང་རྗེ་དང་འབྲེལ་བའི་བཀའ་སློབ།

ཡབ་ཡུམ་གཉིས་ལྷན་དུ་བཞུགས་པའི་ལོ་ངོ་བདུན་ནི་སྐུ་ཚེའི་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཡུན་ཡིན་པ་ཀརྨ་པ་མཆོག་གིས་གསུངས་བ།

ཀརྨ་པ་མཆོག་གིས་googleཁེ་གཉེར་ལས་ཁང་ལ་གཟིགས་སྐོར། ༢༠༡༥།༣།༡༧ KKTD

ཡབ་ཡུམ་གཉིས་ལྷན་དུ་བཞུགས་པའི་ལོ་ངོ་བདུན་ནི་སྐུ་ཚེའི་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཡུན་ཡིན་པ་ཀརྨ་པ་མཆོག་གིས་གསུངས་བ།
དེ་ཡང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁ་ས་ཕྱི་ཚེས་༡༧་ཉིན་གྱི་དགོང་དྲོར་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲ་ཆེན་མོ་Stanfordདགེ་ལས་སློབ་ཕྲུག་དང་། མང་ཚོགས་བཅས་མི་གྲངས་ཆིག་སྟོང་བདུན་བརྒྱ་ལྷག་ལ་སྙིང་རྗེ་དང་འབྲེལ་བའི་སྒོ་ནས་འཕྲུལ་ཆས་དང་ཁོར་ཡུག་བེད་སྤྱོད་བྱེད་སྟངས་སྐོར་བཀའ་སློབ་གནང་ཡོད་པ་དང་། ཀརྨ་པ་རིན་པོ་ཆེ་མཆོག་གིས་གང་ཉིད་ཡབ་ཡུམ་གཉིས་ལྷན་དུ་བཞུགས་པའི་ལོ་ངོ་བདུན་དེ་ནི་སྐུ་ཚེའི་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཡུན་ཞིག་ཡིན་པ་དང་། ཡབ་ཡུམ་གཉིས་ཀྱི་སར་ནས་བྱམས་བརྩེ་དང་སྙིང་རྗེའི་ཉམས་མྱོང་མང་པོ་ཐོབ་གནང་ཡོད་པ། བོད་མི་རིགས་ནི་སྲོག་ཆགས་ཡོངས་ལ་སྙིང་རྗེ་བྱེད་མཁན་ཞིག་ཡིན་སྟབས་ཁོང་གི་ཡབ་ཡུམ་གཉིས་ནས་ཀྱང་སྲོག་ཆགས་གྲོག་འབུ་ཙམ་ཡང་གསོད་རྒྱུ་མེད་པའི་བསླབ་བྱ་གནང་གི་ཡོད་པ་དང་། ཁོང་གཉིས་ནས་ཞོགས་པ་ནམ་ལངས་པའི་དུས་དང་དགོང་མའི་ཉལ་ཁའི་དུས་སུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བའི་གསོལ་བ་སྨོན་ལམ་སྐྱོན་པ་དེ་དག་གིས་སེམས་ཁམས་ལ་སྙིང་རྗེའི་བག་ཆགས་བཞག་ཡོད་པ་དང་། བདེ་སྐྱིད་ཀྱི་ཚོར་སྣང་བསྐྲུན་ཡོད་སྐོར་སོགས་བཀའ་གནང་འདུག
ཡང་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྐུ་ཉིད་དགུང་ལོ་བདུན་སྐབས་རྒྱལ་བ་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ནས་ནང་བསྟན་དང་འབྲེལ་བའི་ཤེས་ཡོན་སྦྱོང་བརྡར་གནང་སྐབས་མཚམས་རེ་དམིགས་བསལ་གྱི་དཀའ་ངལ་འཕྲད་པ་དང་། དཔེར་ན་ཁོང་ཉིད་ནས་སློབ་སྦྱོང་ཧུར་ཐག་ཇི་ཙམ་གནང་ཡང་གཞན་གྱིས་དེ་དག་ལ་བསྟོད་བསྔགས་མེད་པར་ད་དུང་ཀརྨ་པས་དེ་ལས་ལྷག་པ་དང་རླབས་ཆེ་བ་ཞིག་བྱེད་དགོས་སྐོར་རྩིས་བཞིན་འདུག ཡིན་ནའི་རིམ་བཞིན་བླ་མ་དམ་པ་མང་པོ་མཇལ་རྒྱུའི་གོ་སྐབས་བྱུང་སྟབས་ཁོང་རྣམས་ཀྱི་བྱིན་རླབས་དང་ཐུགས་རྗེར་བརྟེན་ནས་རང་གི་རྒྱུད་ལ་སྙིང་རྗེའི་གོམས་གཤིས་འཕེལ་རྒྱས་བྱུང་སྐོར་དང་། སྙིང་རྗེ་ལ་ཚིག་གི་ཐོག་ནས་འགྲེལ་བཤད་ཇི་ལྟར་བྱས་ཀྱང་དོན་གྱི་ཆ་ནས་གཞན་ལ་སེམས་ཁུར་བྱེད་པའི་བསམ་བློ་ཞིག་དགོས་སྐོར་སོགས་བཀའ་གནང་འདུག དེའི་རྗེས་མང་ཚོགས་ནས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་སྐབས། བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཙམ་ཞིག་མིན་པར་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་མང་པོ་དང་འབྲེལ་བ་ཡོད་སྟབས་ཐབས་མཁས་དང་ལྡན་པའི་ཐོག་ནས་རོགས་སྐྱོར་གནང་དགོས་སྐོར་སོགས་བཀའ་སློབ་གནང་འདུག
དེ་བཞིན་ཀརྨ་པ་མཆོག་གིས་googleཁེ་གཉེར་ལས་ཁང་ལ་གཟིགས་སྐོར་དང་མཉམ་ལས་བྱེད་མི་སྣ་ཚོར་མཇལ་འཕྲད་བཀའ་སློབ་གནང་བ་དང་། ཁ་ལོ་བ་མེད་པའི་googleམོ་ཊ་ལ་བཞུགས་ནས་ཚོད་ལྟ་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org