རྒྱལ་བ་ཀརྨ་པ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་བཀའ་སློབ།

ཁོར་ཡུག་སྲུང་སྐྱོབ་ཆེད་གཞན་ཕན་གྱི་ཀུན་སློང་གཙོ་དོན་བྱ་གལ་ཆེ་བའི་སྐོར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་བསྩལ་གནང་བ།

༄༅༎ཁོར་ཡུག་སྲུང་སྐྱོབ་ཆེད་གཞན་ཕན་གྱི་ཀུན་སློང་གཙོ་དོན་བྱ་གལ་ཆེ་བའི་སྐོར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་བསྩལ་གནང་བཞག་༎

ཁ་ས་ཚེས་༥ཉིན་འཛམ་གླིང་འཁོར་ཡུག་ཉིན་མོར་ རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་ནང་པའི་ཆོས་ཚོགས་ཁག་ལས་གྲུབ་པའི་མཐུན་ཚོགས་ཀྱི་གོ་བསྒྲིགས་དང་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུ་བཞུག་ཐོག་ ཁོར་ཡུག་གི་ལྷན་ཚོགས་ཐེངས་བཞི་པ་དེ་བཞུགས་སྒར་རུ་དབུ་འཛུགས་གནང་བཞག་ ལྷན་ཚོགས་གོ་བསྒྲིགས་པས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་ལྟར་ན་ ད་རེས་ཉིན་གྲངས་ལྔའི་རིང་ཁོར་ཡུག་གི་ལྷན་ཚོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཟབ་སྦྱོང་འདིའི་སྐབས་ སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་ཀྱི་སྐོར་དང་ གནམ་གཤིས་འགྱུར་ལྡོག་ དེ་བཞིན་རང་བྱུང་གི་རྐྱེན་ངན་གོད་ཆགས་རིགས་ལ་གདོང་ལེན་གྱི་གྲ་སྒྲིག་བྱ་ཕྱོགས་སྐོར་བགྲོ་གློང་གནང་རྒྱུ་མ་ཟད་ ལྷན་ཚོགས་འདིའི་བརྒྱུད་ ཆུ་དང་ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་ལ་བདག་གཅེས་དང་ རྒྱུན་ལྡན་གྱི་འཚོ་བའི་བྱ་གཞག་ནང་ སྙིག་རོ་བེད་སྤྱོད་བསྐྱར་བསློག་བྱ་ཕྱོགས་བཅས་ཀྱི་གལ་གནད་དང་གནད་འགག་སྐོར་གོ་རྟོགས་སྤེལ་ཐབས་དེ་ལྷན་ཚོགས་ཀྱི་དམིགས་ཡུལ་བཟུང་ཡོད་པར་གསལ་འདོན་གནང་བཞག་ རྒྱལ་བ་ཀརྨ་པ་རིན་པ་ཆེ་མཆོག་གིས་ ཁ་ས་ཁོར་ཡུག་ལྷན་ཚོགས་ཀྱི་དབུ་འབྱེད་སྐབས་ བོད་འདི་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ཆུ་བོའི་འབྱུང་ཁུངས་ཡིན་པར་སོང་ མཐོ་སྒང་བོད་འདི་བཞིན་ གནས་ཡུལ་ས་གནས་བོད་མི་ཙམ་མ་ཟད་ འཛམ་གླིང་སྤྱི་ལ་གལ་གནད་ཆེན་པོ་ཆགས་ཡོད་པར་བརྟེན་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་རང་བྱུང་ཁོར་ཡུག་དང་ ཁོར་ཡུག་དེའི་ནང་ཆགས་པའི་རང་བྱུང་གི་སྐྱེས་དངོས་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་རྒྱུར་ཚང་མས་འབད་བརྩོན་གང་ཡོང་བྱ་དགོས་པའི་སྐོར་ནན་སྐུལ་གནང་འདུག རྒྱལ་བ་ཀརྨ་པ་མཆོག་གིས་མུ་མཐུད་གསུངས་པར་ ནང་ཆོས་ཉམས་ལེན་པའི་ཆ་ནས་ སྐྱེས་དངོས་དང་སྲོག་ཆགས་ལ་བདག་གཅེས་བྱ་རྒྱུ་དེ་གཞན་ཕན་གཙོ་བོར་ངོས་འཛིན་སྟེ་ རང་བཞིན་གྱི་ཀུན་སློང་ནང་ཡོང་དགོས་པའི་སྐོར་གསལ་འདོན་གནང་བཞག ད་རེས་ཀྱི་ནང་པའི་ཆོས་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་འདིའི་ནང་ ཧི་མ་ལ་རི་རྒྱུད་ཁུལ་དང་ ལྷོ་ཨེ་ཤི་ཡའི་ཡུལ་ཁག་བཅས་ཀྱི་ནང་པའི་ཆོས་ཚོགས་༤༥ནས་སྐུ་ཚབ་འཐུས་མི་༦༥མཉམ་ཞུགས་གནང་འདུག་པ་དང་ ཉིན་གྲངས་ལྔའི་རིང་གི་ལྷན་ཚོགས་སྐབས་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ལས་ཁུངས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་རྒྱ་གར་གྱི་ཁོར་སྲུང་སྲུང་སྐྱོབ་ཚོགས་པ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས་སྐོར་ཟབ་སྦྱོང་གནང་རྒྱུ་ཡིན་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org