བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཁ་དམག་རྒྱག་ས་ཞིག་ཏུ་གྱུར་ན་མི་ལེགས།

བཀའ་བརྒྱུད་སྤྱི་འཐུས་ཀྱི་མིང་འཁུར་ནས་གྲོས་ཚོགས་ནང་མུ་མཐུད་ཐལ་ཆེ་བའི་སྐད་ཆ་བཤད་ཚེ་སྣང་མེད་བཏང་ཐབས་བྲལ་བ་ཀརྨ་པ་མཆོག་གིས་གསུངས་འདུག

རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག Karmapa/FB

དཔལ་རྒྱལ་བ་ཀརྨ་པ་རིན་པོ་མཆོག་གིས་ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་བཞི་པའི་ཐོག་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བཀའ་མོལ་གནང་ཕྱོགས་ཐོག་སྐྱོན་བརྗོད་གནང་འདུག
དེ་ཡང་འདི་ཚེས་༢༤་ཉིན་དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་མཚན་ཐོག་དྲ་རྒྱའི་ནང་གནས་ཚུལ་བཀོད་སྤེལ་གནང་བར། ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་དུས་བཞི་པའི་ཐོག་བཀའ་བརྒྱུད་སྤྱི་འཐུས་ཤིག་གིས་གཞུང་བསྟེན་ལྷ་སྲུང་གི་སྐོར་སོགས་ལས་འཕྲོས་པའི་གླེང་སློང་བྱས་པ་ཞིག་མཐོང་ཞིང༌། སྤྱིར་དམངས་གཙོའི་གཟི་བརྗིད་དང་ཆེ་ཐོངས་ལྡན་པའི་གྲོས་རྭ་འདིར། ཚང་མས་སེམས་རྣལ་དུ་ཕབ་ནས་བོད་གངས་ཅན་པ་རྣམས་ཀྱི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་གནད་དོན་ཐོག་སྤང་བླང་བསམ་འཆར་ལྷུག་པོ་འདོན་དགོས་པ་ནི་སྨོས་མེད་ཡིན་མོད་། གང་ཟག་དང་ཚོགས་པ་ག་གེ་མོའི་སྐྱོན་མཚང་བཏོན་ཅི་ཐུབ་ཀྱི་ཁ་དམག་རྒྱག་ས་ཞིག་ཏུ་གྱུར་ན་མི་ལེགས་ཤིང་། ལྷག་པར་བཀའ་བརྒྱུད་སྤྱི་འཐུས་ཤིག་གི་མིང་འཁུར་བཞིན་དུ། སྔ་ཕྱི་སྐད་ཆ་བཤད་སྟངས་ཁ་ཤས་ལ་ང་རང་དེ་ཙམ་བློ་མོས་མ་བྱུང་མོད་། དམངས་གཙོའི་སྒྲིག་སྲོལ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་གྱིས་ཁ་རོག་བསྡད་པ་ཡིན། འོན་ཀྱང་ཐལ་ཆེ་བའི་སྐད་ཆ་འདི་ལྟ་བུ་མུ་མཐུད་བཤད་ཚེ་བཀའ་བརྒྱུད་པའི་བླ་མའི་མིང་ཅན་ཞིག་ཡིན་པའི་ངོས་ནས་སྣང་མེད་བཏང་ཐབས་བྲལ་ཞིང་། རྐྱེན་འདི་ལ་བརྟེན་ནས་ད་ལྟའི་བར་རང་རེ་རྣམས་ཀྱིས་ཕྱོགས་ཀུན་ནས་འབད་བརྩོན་བྱ་བཞིན་པའི་ཆོལ་ཁ་ཆོས་བརྒྱུད་སོགས་ཀྱི་འཆམ་མཐུན་ལ་གཏོར་སྐྱོན་ཐེབས་ཉེན་ཆེ་བའི་སེམས་ཁྲལ་ཆེན་པོ་འདུག
མདོར་ན་བཀུར་འོས་སྤྱི་འཐུས་སུ་ཞིག་ཡིན་རུང་སྤྱི་དོན་དང་སྒེར་དོན་མ་འཛོལ་བའི་སྒོ་ནས་གྲོས་ཚོགས་ཀྱི་ཕྱི་ནང་གང་དུའང་། བོད་མིའི་བློ་སེམས་གཅིག་མཐུན་ཡོང་ཐབས་དང་། མ་འོངས་རྩ་དོན་ཐོག་ཤུགས་རྐྱེན་དང་དགེ་སྐྱོན་གང་འབྱུང་གི་བསམ་བློ་སྔོན་དུ་འགྲོ་བས། རང་ཉིད་ཆོས་བརྒྱུད་དམ་ཆོལ་ཁ་ཞིག་གི་ཚབ་མཚོན་ཡིན་པ་སྐད་ཅིག་ཙམ་མ་བརྗེད་པའི་ཐོག ༧གོང་ས་མཆོག་གིས་སྐུ་ཚེ་གང་པོར་བསྟན་པ་ཆབ་སྲིད་ཀྱི་དོན་དུ་དཀའ་བ་བརྒྱ་ཕྲག་བསྐྱངས་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཁོང་གི་མཚན་དོན་ལ་གནོད་ཅིང་། བོད་མི་ཁ་འཐོར་དུ་གཏོང་བའི་གཏམ་ངན་སྒྲོག་པ་སོགས་མི་དམངས་ཀྱི་གྲོས་རྭ་འདི་གད་སྙིགས་སྤུངས་ས་ལྟ་བུ་མི་བྱེད་པའི་ལྷག་བསམ་གཞེན་བསྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་གནང་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org