བཀའ་ཁྲི་དང་ཚོགས་གཙོས་མཐོ་སློབ་བོད་ཕྲུག་ལ་གསུང་བཤད།

བཀའ་ཁྲི་དང༌སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་རྒྱ་གར་གྱི་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་བོད་ཕྲུག་ཁག་ཅིག་ལ་གསུང་བཤད།

༄༅༎ཕྱི་ཟླ་དྲུག་པའི་ཚེས་གསུམ་རེས་གཟའ་ཟླ་བའི་ཉིན་བཀའ་བློན་ཁྲི་པ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་རྡ་ས་བོད་ཁྱིམ་སློབ་གྲའི་ཚོགས་ཁང་དུ་རྒྱ་གར་གྱི་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་བོད་ཕྲུག་་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་འཛིན་སྐྱོང་སྐོར༌། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོ་སོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།

ད་རེས་ཕྱི་ཟླ་དྲུག་པའི་ཚེས་༡ ནས་༣ བར་ཉིན་གསུམ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གིས་དྲུང་ནས་ནང་ཆོས་བཀའ་ཁྲིད་ཞུ་བར་བཅར་བའི་རྒྱ་གར་གྱི་མཐོ་རིམ་སློབ་གྲ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་ན་གཞོན་ཚོར། ད་རེས་རྡ་སར་བཅར་བའི་གོ་སྐབས་དང་བསྟུན་ཏེ་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་བའི་ནང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བོད་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྟངས་ཀྱི་བརྒྱུད་རིམ་དང༌། ལྷག་དོན་རྒྱ་ནག་ཕྱོགས་ནས་བོད་མིའི་སྤྱི་ཚོགས་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་འདི་ལྷིང་་འཇགས་མི་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང༌། བོད་མིའི་ངོས་ནས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཆིག་སྒྲིལ་གྱི་རྣམ་པ་དེ་ཡིས། རྒྱ་ནག་ཕྱོགས་ལ་བརྡ་ལན་ཞིག་སྤྲད་ཡོད་པའི་སྐོར་དང༌།  བོད་དོན་གྱི་དཀའ་རྙོགས་སེལ་ཐབས་ཆེད་དུ་བོད་ནང་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་ཚོའི་རེ་བ་བཙན་བྱོལ་གྱི་བོད་མི་ཚོས་ཕན་མེད་དུ་གཏོང་གི་མ་རེད་བསམ་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་བོད་མི་ཚོས་སྔར་ལས་རྡོ་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། བོད་ནང་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཀའ་ལས་སྐྱོན་མཁན་རྣམས་ང་ཚོས་ནམ་ཡང་བརྗེད་མེད་ལ། ཆབ་སྲིད་དང་འཛིན་སྐྱོང་གི་རྩ་དོན། སྒྲིག་འཛུགས་སོགས་ཚགས་ཚུད་བྱུང་ན། ཕུགས་ཀྱི་་རྩ་དོན་རྩོད་རྒྱུར་ཕན་རླབས་ཤུགས་ཆེ་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ངོ་སྤྲོད་གནང་བའི་ནང༌། བོད་མི་ཚོས་ལོ་ལྟར་དམངས་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་དེའི་འབྱུང་རིམ་ནི། ༡༩༦༠ པའི་ཕྱི་ཟླ་གཉིས་པའི་ཚེས་༣ ཉིན་བཙན་བྱོལ་དུ་འབྱོར་བའི་བོད་མི་མང་པོ་ཞིག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་ཏེ། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུའི་མནའ་གན་བཞག་པ་བཞིན། ༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་ལམ་ལུགས་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་དགོས་པའི་བཀའ་སློབ་ཐོག་མར་ཕེབས་པའི་རྗེས། དམངས་གཙོའི་འཕེལ་རིམ་གྱི་ཁ་ཕྱོགས་སུ་བསྐྱོད་ཡོད་ཀྱང་དམིགས་བསལ་༦༠ ནས་༩༠ དང༌། ༩༡ ནས་༢༠༠༡། ༢༠༡༡་ སོ་སོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམངས་གཙོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་བསྐྱོན་གནང་མཛད་པའི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org