རྒྱ་ནག་ཕྱོཌ་ནས་བོད་དོན་ཐོག་བཟང་ཕྱོཌ་རྣམ་པ་བཏོན་རྒྱུར་རེ་སྒུག་བྱེད་པ།
2008.07.01
༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་དེ་རིང་ཉི་ཧོང་གི་རྒྱལ་ས་ཀྲོཀི་ཡོ་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་རྒྱ་ནག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བར་གྲོས་མོལ་འགོ་བཙུགས་བྱས་པ་བཞིན་ད་རེས་རྒྱ་ནག་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་རྣམ་པ་ཞིག་བཏོན་རྒྱུར་འཛམ་གླིང་གིས་རེ་སྒུག་བྱེད་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད།
བར་ལམ་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་འགོ་བཙུགས་ཏེ་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཏེ་ད་བར་ཟླ་བ་གསུམ་ལྷག་ཕྱིན་པའི་རྗེས་རེས་གཟའ་ཟླ་བའི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་འབྱོར་གྱིས་དེ་རིང་ནས་ཉིན་གྲངས་གཉིས་རིང་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་འགོ་བཙུགས་གནང་གི་ཡོད་ཅིང༌། ཕྱི་འབྲེལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབངས་སྐྱིད་ལགས་ཀྱིས་གསུང་ན། དེ་སྔོན་གྱི་རྒྱ་ནག་དང་༸གོང་ས་མཆོག་གི་སྐུ་ཚབ་བར་གྱི་འབྲེལ་མོལ་རིམ་པ་དེ་དག་ལ་རྒྱ་ནག་ཕྱོགས་ནས་རྣམ་འགྱུར་ཕྲན་བུ་ཞིག་ལས་བཏོན་མེད་པ་དང་ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ད་རེས་འབྲེལ་མོལ་དེ་བརྒྱུད་རྒྱ་ནག་ཕྱོགས་ནས་ངེས་པར་དུ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་བཏོན་དགོས་པའི་རེ་འདུན་གནང་གི་ཡོད་པ་དང་ དེ་ནི་བོད་མི་དམངས་ལ་ཁེ་ཕན་ཡོད་པ་ཙམ་དུ་མ་ཟད་རྒྱ་ནག་ཕྱོགས་ལའང་ཁེ་ཕན་ཡོད་པ་བཞིན་རྒྱ་ནག་ཕྱོགས་ནས་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་ཚོའི་ཐོག་སེམས་འཁུར་ཡོད་པའི་ར་སྤྲོད་ཐུབ་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་བྱེད་དགོས་པ་དང་ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ག་རེ་ཡོད་མེད་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་གསུང་པ་རེད།