སྐུའི་གྱ་སྟོན་རྐྱེན་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་བཀག་འདུག
ད་ལོ་སྐུ་གྱ་སྟོན་གྱི་རྐྱེན་གྱིས་འཛམ་ཐང་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅུ་བ་དེ་འཚོག་ཏུ་བཅུག་མེད་པ་རེད།
-
2015-06-11 -
-
-
ད་ལོ་སྐུ་གྱ་སྟོན་གྱི་རྐྱེན་གྱིས་འཛམ་ཐང་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅུ་བ་དེ་འཚོག་ཏུ་བཅུག་མེད་པ་རེད།
དེ་ཡང་ཚེས་༡༠ཉིན་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལབརྗོད་གནང་བ་ལྟར་ན། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ནས་བཟུང་འཛམ་ཐང་ཇོ་ནང་དགོན་ཆེན་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅུ་བ་དེ་ཉིན་གྲངས་བཅོ་ལྔའི་རིང་འཚོགས་འཆར་ཡོད་ནའང་། ས་གནས་ཀྱི་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས། ད་ལོའི་གོང་ས་མཆོག་གི་སྐུ་གྱ་སྟོན་དང་དེ་བཞིན་སྤྱི་ཟླ་བདུན་པ་ནི་གོང་ས་མཆོག་འཁྲུངས་སྐར་ཡིན་པ་སོགས་ལ་བརྟེན་ནས་། ད་ལོའི་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅུ་བ་དེ་འཚོག་མི་ཆོག་པའི་བརྡ་སྦྱོར་བཏང་ནས་འཚོག་ཏུ་བཅུག་མེད་ཟེར། གོང་བརྗོད་བོད་མི་དེའི་མུ་མཐུད་དུ་གསུང་ན། དེང་སྐབས་སུ་ཁྲོན་ཞིང་ཆེན་ཁོངས་ཀྱི་འཛམ་ཐང་གི་ཇོ་ནང་དགོན་པ་སོགས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཡང་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མགོ་ལོག་གི་དགོན་སྡེ་ཁག་ལ་དེ་འདྲའི་དམ་དྲག་མེད་ཟེར།
འཛམ་ཐང་ཇོ་ནང་དགོན་ཆེན་དུ་དགེ་འདུན་པ་སུམ་སྟོང་ལྷག་ཡོད་པ་རེད། དེ་མིན་འཛམ་ཐང་ས་ཁུལ་དུ་ད་ལྟའི་བར་བོད་མི་མི་ཉུང་བ་ཞིག་གིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པས་ནམ་རྒྱུན་རྒྱ་ནག་གཞུང་གིས་ས་གནས་དེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་མཚོ།