ས་ག་ཟླ་བའི་མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་གདན་འདྲེན་ཞུས་སོང་།

སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་ས་ག་ཟླ་བའི་མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་རེད།

ས་ག་ཟླ་བའི་མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་གདན་འདྲེན་ཞུས་སྐབས། ༠༥།༠༨།༢༠༢༤ བསྟན་འཛིན་དོན་ཡོད། RFA/Dhasa

བཙན་བྱོལ་བོད་མིའི་ཆོས་སྲིད་ཀྱི་ལྟེ་གནས་རྒྱ་གར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལོ་བསྟར་ཆགས་སུ་ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་དང་བསྟུན། མ་ཎིའི་རིལ་སྒྲུབ་ཀྱི་ཚོགས་མགོན་དུ་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ནམ་རྒྱུན་ཕེབས་སྲོལ་ཡོད་པ་མ་ཟད། བོད་ཀྱི་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་ཀྱང་རྟེན་གཙོ་ལ་འཁོད་སྲོལ་ཡོད་པ་བཞིན། སྤྱི་ཟླ་༥པའི་ཚེས་༨ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་དེ་བཞིན། བོད་མི་སེར་སྐྱ་ཕོ་མོ་དད་ལྡན་པ་རྣམས་ཀྱིས་ཞལ་མཇལ་དང་བྱེས་འཁོད་སྐྱིད་གྲོང་པ་ཚོས་གླུ་གར་གྱི་མཆོད་པ་དང་བཅས་ཏེ་གདན་འདྲེན་གནང་སོང་།
ལོ་རྒྱུས་སྨྲ་བ་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་གྲངས་ཤིག་ཆགས་ཡོད་པ་དང་། འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་གྱི་ལྗོངས་ལ་གདུལ་བྱ་འདུལ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། ཇོ་བོ་ཝ་ཏི་བཟང་པོ་ནི་བོད་ལ་དམིགས་བསལ་གྱི་མཚོན་དོན་དང་ལོ་རྒྱུས་ཅན་ཞིག་ཆགས་ཡོད་ཅེས་དང་། བལ་བོད་ཀྱི་ས་མཚམས་སུ་ཤིང་ཙན་དན་གྱི་སྡོང་བོ་ཞིག་ལ་རང་བྱོན་དུ་ཕེབས་ཏེ་གསུང་འབྱོན་པ་གྲགས་ཆེ་བའི་ཇོ་བོ་མཆེད་གསུམ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཇོ་བོ་ཝ་ཏི་བཟང་པོ་དང་ཇོ་བོ་ལོ་ཀེ་ཤྭ་ར་འཕགས་པ་མཆེད་གཉིས་གདན་འདྲེན་གྱིས། པོ་ཏཱ་ལའི་མཆོད་ཁང་ནུབ་མར་བཞུགས་སུ་གསོལ་ནའང་། ཕྱིས་སུ་ཇོ་བོ་ལོ་ཀེ་ཤྭ་ར་ཆོས་རྒྱལ་རང་གི་ཐུགས་དམ་གྱི་རྟེན་དུ་ཉར་བ་དང་། ཇོ་བོ་ཝ་ཏི་བཟང་པོ་ནི་སྐྱིད་གྲོང་གི་གྲོང་དཔོན་རེ་ལོ་རེ་བཞིན་མཛེ་ནད་ཀྱིས་གྲོངས་འགྲོ་བའི་བགེགས་གནོན་དུ་གདན་དྲངས་པ། གོར་བོད་དམག་འཁྲུག་གི་རྐྱེན་གྱིས་ཐེངས་མ་གཉིས་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུས་མྱོང་བ་དང་། སྤྱི་ལོ་༡༩༥༩ལོར་བོད་ཡོངས་རྫོགས་རྒྱ་ནག་གི་བཙན་འཛུལ་འོག་ཤོར་སྐབས། སྐྱིད་གྲོང་གི་མང་ཚོགས་དང་རྫོང་དཀར་ཆོས་སྡེས་རྒྱ་གར་དུ་གདན་འདྲེན་གྱིས་༧གོང་ས་མཆོག་གི་ཐུགས་དམ་གྱི་རྟེན་དུ་བཞུགས་པ་དང་། མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་བདུན་ཕྲག་གཅིག་རིང་བཞུགས་སྲོལ་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།


སྐྱིད་གྲོང་པ་ཉི་མ་བཟང་མོ་ལགས་ནས་སོ་སོས་ཅི་ཐུབ་ཀྱིས་ཞབས་འདེགས་ཞུས་པ་དང་། མ་འོངས་གཞོན་སྐྱེས་ཚོས་དེ་ལྟར་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་མ་ཟད། སྐྱིད་གྲོང་ཇོ་བོའི་སྐུ་བརྙན་ཡར་བཞེངས་བསྡད་པ་ནི་སེམས་ཅན་ཉམ་ཐག་ལ་རོགས་མགོན་སྙིང་རྗེའི་མཚོན་དོན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་འཕགས་པ་མཆེད་གསུམ་དང་མཆེད་བཞི་སོགས་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ལས། ཇོ་བོ་དབུ་ཁང་དུ་གྲགས་པ་ད་ལྟ་བལ་ཡུལ་གྱི་གྲོང་ཁྱེར་ཡེ་རང་དུ་བཞུགས་པ་དང་། ཇོ་བོ་འཛམ་གླིང་དཀར་མོ་ཡང་བལ་ཡུལ་ནང་བཞུགས་པ་དང་། ཇོ་བོ་ཝ་ཏི་བཟང་པོ་ནི་རྒྱ་གར་རྡ་རམ་ས་ལ་དང་། ཇོ་བོ་ལོ་ཀེ་ཤྭ་ར་ནི་རྩེ་ཕོ་བྲང་ཆེན་མོ་པོ་ཏཱ་ལའི་ནང་བཞུགས་ཀྱི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org