གཙུག་ལག་ཁང་གི་མེ་སྐྱོན་དེ་ཆེད་དུ་བཟོས་བའི་དོན་རྐྱེན་མིན་ཚུལ་བརྗོད་འདུག
རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ནས་གཙུག་ལག་ཁང་གི་མེ་སྐྱོན་དེ་ཆེད་དུ་བཟོས་བའི་དོན་རྐྱེན་མིན་ཚུལ་བརྗོད་འདུག
-
2018-02-22 -
-
-
Your browser doesn’t support HTML5 audio
ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ལྡན་གཙུག་ལག་ཁང་གི་མེ་སྐྱོན་དེ་བཞིན་ཆེད་དུ་མངགས་ཏེ་མེར་བསྲེགས་བཏང་བའི་དོན་རྐྱེན་མིན་པ་དང་རྩ་ཆེའི་ནང་པའི་ཇོ་བོའི་སྐུར་མེ་སྐྱོན་གྱི་གནོད་འཚེ་མ་བྱུང་བར་བཞུགས་ཡོད་པ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་འགྲེལ་བརྗོད་བྱས་འདུག
ཉེ་ཆར་ཚེས་༡༧་གཟའ་སྤེན་པའི་ཉིན་མི་ལོ་༡༣༠༠ལྷག་གི་ལོ་རྒྱུས་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་རྗེས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་སྤྱི་ཚོགས་དྲྭ་ལམ་ཐོག་ཇོ་ཁང་གི་མེ་སྐྱོན་སྐོར་གྱི་གནས་ཆུལ་དང་པར་སོགས་བཀག་སྡོམ་བྱས་ཡོད་པ་དང༌། དོན་རྐྱེན་དེའི་སྐོར་གནས་ཚུལ་སྦས་སྐུང་བྱས་པ་སོགས་ཀྱི་སྐྱོན་བརྗོད་མང་པོ་ཐོན་པའི་རྗེས་སུ། རྒྱ་ནག་གི་དཔོན་རིགས་ཀྱི་ངོས་ནས་ཇོ་བོའི་སྐུ་ལ་གནོད་སྐྱོན་བྱུང་མེད་པར་རང་གནས་སུ་བཞུགས་ཡོད་པ་དང་། དོན་རྐྱེན་དེ་མིས་མེར་བསྲེགས་བྱས་པའི་དོན་རྐྱེན་མིན་པའི་སྐོར་བཤད་འདུག
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་དེའི་ནང་མེ་འབར་བའི་དོན་རྐྱེན་དེ་ཇོ་ཁང་གི་ཐོག་བརྩེགས་གཉིས་པའི་ཐོག་བྱུང་ཡོད་པ་དང་། ཚོུད་གཅིག་ཙམ་གྱི་ནང་མེ་བསད་ཐུབ་པ་བྱུང་ཡོད་པ། མེ་སྐྱོན་གྱིས་གཙུག་ལག་ཁང་གི་གསེར་གྱི་རྒྱ་ཕིབས་ལ་གནོད་སྐྱོན་བཏང་ཡོད་པ་ལས་མི་སུ་ཞིག་ལའང་སྲོག་སྐྱོན་བྱུང་མེད་པ་སོགས་བརྗོད་འདུག
འོན་ཀྱང་འདས་པའི་ཉིན་ཤས་ནང་ལྷ་སའི་ཇོ་བོའི་སྐུ་པར་དང་བརྙན་པར་མང་དག་ཞིག་ཐོན་ཡོད་པ་དེ་དག་གཞིགས་ཚེ། ལོ་གསར་ཚེ་༡ བར་ཇོ་བོའི་དབུ་ལ་སྒྲོན་པའི་དབུ་རྒྱན་ནི་ཉེ་འཆར་བརྙེད་སོན་ལག་ཐོབ་བྱུང་བའི་རྗེ་རིན་པོ་ཆེས་ཕུལ་བ་དེ་མཇལ་རྒྱུ་ཡོད་ཀྱང་། མེ་སྐྱོན་བྱུང་བའི་རྗེས་སུ་ཐོན་པའི་སྐུ་པར་ཁག་གི་ནང་དབུ་རྒྱན་གཞན་ཞིག་མགྲོན་ཡོད་པ་མཇལ་རྒྱུ་ཡོད་པས། བོད་གནས་ཉམས་ཞིབ་པ་སྐུ་ཞབས་ རོ་སྦི་སྦར་ནེཊ་ལགས་ཀྱིས། ལྷ་ས་གཙུག་ལག་ཁང་གི་མེ་སྐྱོན་དེའི་སྐབས་རྗེ་རིན་པོ་ཆེས་ཕུལ་བའི་ཇོ་བོའི་དབུ་རྒྱན་མེས་ཚིགས་ཡོད་སྲིད་པ་ཚོད་དཔག་གནང་འདུག
ཇོ་ཁང་ནི་དེ་སྔའི་ལྷ་སའི་དབུས་སུ་ཆགས་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ལྷན་ཁང་གིས་འཛམ་གླིང་གི་རྩ་ཆེའི་གནའ་ཤུལ་དངོས་རྫས་ཀྱི་གྲས་སུ་ཡོད་པ་རེད། ཡང་ཇོ་ཁང་ནི་ནང་པ་སངས་རྒྱས་པའི་སྟོན་པའི་སྐུ་ཇོ་བོ་ཤྭཀྱ་མུ་ནེའི་བཞུགས་གནས་བོད་ཀྱི་ནང་པའི་རྩ་ཆེའི་གཙུག་ལག་ཁང་ཞིག་ཡིན་པ་དང༌། ཇོ་ཁང་དུ་བཞུགས་པའི་ཇོ་བོ་ཤྭཀྱ་མུ་ནེ་དགུང་ལོ་༡༢ལ་ཕེབས་པའི་རྩ་ཆེའི་སྐུ་བརྙན་ལ་སྐྱོན་ཆག་མེད་པར་བཞུགས་ཡོད་སྐོར་བརྗོད་པ་ལས། ཤིན་ཧྭ་གསར་ལས་ཁང་གིས་དེ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག
ལྷ་སའི་ཇོ་ཁང་ནང་རིན་ཐང་བྲལ་བའི་རྩ་ཆེའི་རིག་གཞུང་གི་སྒྱུ་རྩལ་གྱི་དངོས་རྫས་དང་དེ་བཞིན་སངས་རྒྱས་ཀྱི་སྐུ་འདྲ་ཆེ་ཆུང་འདྲ་མིན་༣༠༠༠ལྷག་དང་རྩ་ཆེའི་འདྲ་སྐུ་དང་རྩ་ཆེའི་དངོས་རྫས། ལག་བྲིས་ཀྱི་དཔེ་དེབ་རྙིང་པ་མང་པོ་ཞིག་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ལྷན་ཁང་གིས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།