སྲིད་འཛིན་ཟུར་པའི་འཚམས་གཟིགས།
ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་མཆོག་འབར་མ་དང་བལ་ཡུལ་དུ་འཚམས་གཟིགས་སུ་ཕེབས་རྒྱུ།
-
2013-03-31 -
-
-
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་(Jimmy Carter) མཆོག་འབར་མ་དང་བལ་ཡུལ་གཉིས་སུ་མཚམས་གཟིགས་ཆེད་ཕེབས་གཏན་འཁེལ་ཡོད་འདུག
དགུང་གྲངས་༨༨ལ་ཕེབས་པའི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་མཆོག་རེས་གཟའ་པ་སངས་ཉིན་ཕྱོགས་བསྐྱོད་ཀྱིས་ཡུན་རིང་ནས་ཆབ་སྲིད་བརྟན་ལྷིང་མེད་པའི་ཨེ་ཤེ་ཡའི་ཡུལ་གྲུ་འབར་མ་དང་བལ་ཡུལ་གཉིས་སུ་མཚམས་འདྲིའི་གཟིགས་སྐོར་ལ་ཕེབས་ནས་ཡུལ་དེ་གཉིས་ནང་དམངས་གཙོའི་འཕོ་འགྱུར་བསྲ་བརྟན་ཡོང་ཐབས་བློ་སྟོབས་སྤེལ་རྒྱུ་ཡིན་འདུག ཨ་རིའི་གྲོང་ཁྱེར་ཨེཊ་ལེན་ཊ་ནང་རྟེན་གཞི་བྱས་པའི་ཀར་ཊར་བསྟི་གནས་ཡིས་གསལ་བསྒྲགས་གནང་བར་གཞིགས་ན།སྲིད་འཛིན་ཟུར་པ་ཐོག་མར་བལ་ཡུལ་ནང་ཕེབས་ནས་ཡུལ་དེའི་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་མཇལ་འཕྲད་ཀྱིས་རྒྱལ་ཡོངས་འོས་བསྡུ་ཆེན་པོ་འཕར་འགྱངས་མེད་པར་ཡོང་ཐབས་དང་དེའི་ཐོག་ནས་དེ་སྔའི་ནང་འཁྲུགས་འགྲིག་འཇགས་ཡོང་རྒྱུར་ནན་སྐུལ་གནང་རྒྱུ་ཡིན་འདུག དེ་རྗེས་སྲིད་འཛིན་ཟུར་པ་འབར་མའི་ནང་ཕེབས་ནས་ཡུལ་དེའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་མཇལ་འཕྲད་ཀྱིས་གསར་འགོད་རང་དབང་དང་བཙོན་པ་གློད་བཀྲོལ་གཏོང་རྒྱུ་སོགས་དམངས་གཙོ་དང་གསར་བརྗེའི་ལས་དོན་གོང་འཕེལ་ཡོང་ཆེད་གནོན་ཤུགས་སྤྲོད་རྒྱུ་ཡིན་འདུག སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་མཆོག་གིས་ཕྱི་ལོ་༡༩༨༡ལོ་ནས་བཟུང་འཛམ་གླིང་ཞི་བདེ་དང་དབུལ་ཕོངས་ཉམ་ཐག་གི་བདེ་རྩའི་ཆེད་ཕྱག་ལས་རྒྱ་ཆེ་གནང་མུས་ཡིན་པ་རེད། དེ་འདྲའི་མཛད་བྱས་ལ་བརྟེན་ནས་ཕྱི་ལོ་༢༠༠༢ལོར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་རེད༎