ཉི་ཧོང་གི་སྲིད་བློན་ལས་གནས་ནས་དགོངས་ཞུ།
ཉི་ཧོང་གི་སྲིད་བློན་མཆོག་གིས་སྲིད་བློན་གྱི་མཚན་གནས་འགན་བཞེས་གནང་ནས་ཟླ་བ་བརྒྱད་ལས་འགྲོ་གི་མེད་པའི་མཚམས་དེར་དགོངས་ཞུ།
-
2010-06-02 -
-
-
༄༅༎ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་སྲིད་བློན་གྱི་མཚན་གནས་འགན་བཞེས་གནང་ནས་ཟླ་བ་བརྒྱད་ལས་འགྲོ་གི་མེད་པའི་མཚམས་དེར་དགོངས་ཞུ་གནང་བཞག།
ཁོང་གིས་དེ་སྔོན་སྲིད་བློན་འོས་བསྡུའི་སྐབས་ཨོ་ཀི་ན་ལྦ་གླིང་ཕྲན་ནས་ཨ་མི་རི་ཀའི་དཔུང་དམག་གི་རྟེན་གཞི་གནས་སྤོས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་དེ་གྲུབ་མ་ཐུབ་པའི་རྗེས་སྲིད་བློན་གྱི་མཚན་གནས་ནས་དགོངས་ཞུ་གནང་ཡོད་པ་དང༌། ཁོང་གིས་ཉི་ཧོང་དམངས་གཙོ་ཚོགས་པས་རིང་མིན་ཕྱི་ཟླ་བདུན་པའི་ནང་འོས་བསྡུའི་སྐབས་རྒྱལ་ཁ་ལོན་ཐབས་སུ་ཚོགས་པའི་གནས་བབ་བསྐྱར་གསོ་ཐུབ་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པ་རེད།
ཡང་ཧ་ཏོ་ཡ་མ་མཆོག་གིས་ཚོགས་པའི་ཆེ་ཐོངས་གོང་མཐོར་ཡོང་བའི་དོན་དུ་ཉེ་ཆར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་ཕོག་པའི་ཉི་ཧོང་དམངས་གཙོ་ཚོགས་པའི་དྲུང་ཆེ་ཨི་ཆི་རོ་ཨོ་ཛ་ལྦ་ལའང་ལས་གནས་ནས་དགོངས་ཞུ་བྱ་དགོས་རྒྱུའི་མཛུབ་སྟོན་གནང་ཡོད་པ་རེད། སྔ་ལོ་ཉི་ཧོང་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པ་དེས་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་རྙིང་ཞེན་ཚོགས་པས་ཉི་ཧོང་གི་གཞུང་སྲིད་
འཛིན་སྐྱོང་གནང་བའི་ལོ་རྒྱུས་མཇུག་སྒྲིལ་གནང་ཐུབ་པ་བྱུང་ཡོད། དགུང་གྲངས་༦༣ལ་ཕེབས་པའི་ཧ་ཏོ་ཡ་མ་ནི་ལོ་བཞིའི་དུས་ཡུན་རིང་ཉི་ཧོང་ནང་གི་སྲིད་བློན་ཐེངས་བཞི་པ་དེ་ཡིན་པ་དང༌། རེས་གཟའ་པ་སངས་ཉིན་ཉི་ཧོང་དམངས་གཙོ་ཚོགས་པས་དབུ་ཁྲིད་གསར་པ་ཞིག་བསྐོ་བཞག་མ་གནང་བར་དུ། ཧ་ཏོ་ཡ་མ་སྲིད་བློན་གྱི་ལས་ཁུངས་ནས་མུ་མཐུད་བཞུགས་ཡག་རེད་འདུག། ཉི་ཧོང་གི་སྲིད་བློན་གསར་པར་འོས་འདེམས་ཡོང་རྒྱུར་མང་པོ་ཞིག་གིས་རེ་བ་ཆེན་པོ་ཞུ་ཡུལ་ནོར་སྲིད་བློན་ཆེན་དང་སྲིད་བློན་གཞོན་པ་གཅིག་ལྕོག་ན་ཨོ་ཏོ་ཀན་ཡིས་སྲིད་བློན་འོས་བསྡུའི་འགྲན་བསྡུར་ནང་ཞུགས་འདོད་ཡོད་པའི་གསལ་བསྒྲགས་གནང་འདུག།