ཉི་ཧོང་གི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་བྱུང་བ།
རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡི་གདན་ཞུ་བྱས་པ་ལྟར་ཉི་ཧོང་གི་སྲིད་བློན་ཡོ་ཤི་ཧི་ཀོ་ནོ་ཌ་དེ་རིང་ཉིན་གུང་རྒྱབ་ཏུ་པེ་ཅིང་དུ་ཕེབས་འབྱོར།
-
2011-12-25 -
-
-
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡི་གདན་ཞུ་བྱས་པ་ལྟར་ཉི་ཧོང་གི་སྲིད་བློན་ཡོ་ཤི་ཧི་ཀོ་ནོ་ཌ་དེ་རིང་ཉིན་གུང་རྒྱབ་ཏུ་པེ་ཅིང་དུ་ཕེབས་འབྱོར་གྱིས་ཉིན་གཉིས་རིང་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། སྲིད་བློན་ནོ་ཌ་མཆོག་གིས་ཉིན་གཉིས་ཀྱི་འཚམས་འདྲི་དེའི་རིང་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང། སྲིད་བློན་ལྦེན་ཅ་བའོ། ལྦུ་བིང་གུའོ་དང་མཇལ་འཛོམས་གྲོས་མོལ་གནང་རྒྱུ་ཡིན་ཞིང༌། ད་རེས་ཉི་ཧོང་གི་སྲིད་བློན་ཞིག་རྒྱ་ནག་ཏུ་འཚམས་ཕེབས་པ་དེ་ནི། ༢༠༠༩ ལོར་ཁོང་གི་དམངས་གཙོ་ཚོགས་པར་གཞུང་འཛིན་གྱི་རྒྱལ་ཁ་ཐོབ་པའི་རྗེས་རྒྱ་ནག་ཏུ་འཚམས་འདྲི་ཐེངས་དང་པོ་ཡིན་པ་མ་ཟད། སྲིད་བློན་ནོ་ཌ་མཆོག་གིས་འདི་ལོའི་ཕྱི་ཟླ་བརྒྱད་པའི་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་ཡང་ཐེངས་དང་པོ་ཡིན་པ་རེད། རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན། ད་རེས་ཉི་ཧོང་གི་སྲིད་བློན་མཆོག་གི་རྒྱ་ནག་གི་འཚམས་འདྲི་དེ་ནི། ཕྱོགས་གཅིག་ནས་༢༠༡༢ ལོར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ཞི་འཇམ་དུ་གནས་སྟེ་མི་ལོ་༤༠ འཁོར་བའི་དུས་དྲན་གྱི་མཚོན་དོན་དང༌། ཕྱོགས་གཉིས་ནས་རྒྱལ་ཁབ་གཉིས་པོའི་ཐབས་ཇུས་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་མཚོན་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནད་དོན་ཁག་ཐོག་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་ཡིན་ཞིང༌། ལྷག་དོན་ཉེ་ཆར་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་འདས་གྲོངས་སུ་ཕྱིན་པའི་རྗེས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་གཙོས་པའི་གནད་དོན་ཁག་ཐོག་རྒྱ་ནག་གི་དཔོན་རིགས་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་ཡིན་པ་རེད།
སྲིད་བློན་ནོ་ཌ་མཆོག་ནས་ཀྱང་མ་འོངས་ནང་རྒྱ་ནག་དང་མཉམ་ལས་འབྲེལ་བའི་གོ་སྐབས་བཟང་དུ་འགྲོ་རྒྱུ་དང་ཉི་ཧོང་ཕྱོགས་ནས་ཁྱིམ་མཚེས་ཡུལ་གྲུ་གཉིས་པོའི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུར་འདུན་པ་ཡོད་པའི་སྐོར་གསུང་ཡོད་པ་ནི། ཁོང་གི་ངོས་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཡིད་ཆེས་སྐྲུན་རྒྱུ་དང༌། མཚོ་ཐོག་སྐྱེལ་འདྲེལ་གྱི་ལས་དོན་མཉམ་ལས་གོང་འཕེལ། ཉི་ཧོང་ནང་ས་ཡོམ་གནོད་འཚེ་རྗེས་སུ་སྤེལ་རྒྱུའི་མཉམ་ལས། དཔལ་འབྱོར་གོང་འཕེལ་མཉམ་ལས། དེ་བཞིན་དུ་རིག་གཞུང་དང་མི་ཕན་ཚུན་བརྗེ་ལེན་གྱི་ལས་གཞི་དེ་དག་ནི་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་ཀྱི་རྨང་གཞི་གཙོ་བོ་ཡིན་པ་གསུང་ཡོད་པ་རེད། འོན་ཀྱང་གནས་ཚུལ་དབྱེ་ཞིབ་པས། ཉི་ཧོང་གིས་དེ་སྔ་རྒྱ་ནག་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་གནས་འབབ་ནས་ལྟས་ན། རྒྱ་ནག་མི་དམངས་སྡུག་ངལ་གནས་སུ་སྦྱར་ཡོད་པ་དེ་ནི། ཡུལ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་འགོག་རྐྱེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།