ཉི་ཧོང་གྲོས་ཚོགས་ཚོགས་ཆུང་གིས་བོད་ཐོག་ཐུགས་འཁུར་ཆེ།
ཉི་ཧོང་གི་ཕྱོགས་འགལ་མང་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཐུགས་འཁུར་ཆེ་བཞེས་གནང་གི་ཡོད་པ།
-
2009-01-08 -
-
-
༄༅༎ཉི་ཧོང་གི་ཕྱོགས་འགལ་མང་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཐུགས་འཁུར་ཆེ་བཞེས་གནང་གི་ཡོད་ལུགས་ཉི་ཧོང་གི་ཀྱིཡོ་ཌོ་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
ཉི་ཧོང་གྲོས་ཚོགས་ནང་བོད་ཀྱི་དཀའ་རྙོག་སེལ་ཐབས་ཐད་ཐུགས་འཁུར་བཞེས་ཚོགས་ཆུང་ཆུང་ངུ་ཞིག་ཡོད་པ་དང་ཚོགས་ཆུང་དེའི་དབུ་ཁྲིད་ནི་དགུང་གྲངས་བཞི་ཅུ་ཞེ་བཞི་ལ་སོན་པ་སྐུ་ཞབས་ཡུ་ཀི་ཡོ་ཨེ་ཌ་ནོ་ཡིན་པ་དང་ཁོང་ནི་མ་འོངས་པར་ཉི་ཧོང་གི་མང་གཙོ་ཚོགས་པའི་དབུ་ཁྲིད་ཆགས་རྒྱུའི་འོས་ཆོས་ལྡན་པའི་དབུ་ཁྲིད་ཅིག་ཡིན་འདུག ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཚོགས་ཆུང་དེ་བཞིན་ཐོག་མར་ཕྱི་ལོ་༡༩༩༥ལོར་གྲོས་ཚོགས་ཀྱི་འཐུས་མི་སེ་ཤུ་མ་ཀི་ནོ་ཡིས་དབུ་བཙུགས་གནང་བ་ཞིག་ཡིན་པ་དང་ཚོགས་ཆུང་དེས་རྒྱ་ནག་གིས་སྐྱོན་བརྗོད་གནང་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༠༣ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་གདན་འདྲེན་ཞུ་རྒྱུའི་ཐུགས་འགན་རྐང་བཞེས་གནང་ཡོད་པ་རེད། གསར་འགྱུར་དཔྱད་ཞིབ་པ་ཚོས་གལ་སྲིད་ལོ་རྗེས་ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུའི་ནང་མང་གཙོ་ཚོགས་པར་མང་མོས་འོས་ཤོག་ཐོབ་སྟེ་མང་གཙོ་ཚོགས་པས་གཞུང་བསྐྱངས་རྒྱུ་ཡིན་ན་ཉི་ཧོང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཡོང་སྲིད་པའི་ཚོད་དཔག་གནང་གི་ཡོད་འདུག ཉེ་ཆར་ཕྱི་ཟླ་བཅུ་གཅིག་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་པའི་སྐབས་ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཚོགས་ཆུང་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་སེ་ཤུ་མ་ཀི་ནོ་དང་མཇལ་འཕྲད་གནང་ཡོད་པ་དང་༸གོང་ས་མཆོག་གིས་མགྲོན་འབོད་གནང་དོན་བཞིན་སྐུ་ཞབས་མ་ཀི་ནོ་མཆོག་གིས་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་གུར་གའོན་གྲོང་ཁྱེར་ནང་ཚོགས་པའི་རྒྱལ་ཁབ་སུམ་ཅུ་ཐམ་པའི་འཐུས་མི་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ནང་མཉམ་བཞུགས་གནང་ཡོད་པ་རེད། དལྟའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀི་ཨོ་ཨེ་ཌ་ནོ་ཡིས་ཁོང་གི་ཚོགས་ཆུང་དེས་རྒྱ་ནག་ལ་གནོད་པའི་ལས་བྱེད་ཀྱི་མེད་ཀྱང་བོད་མིའི་རང་དབང་དང་མང་གཙོ།འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པ་དེར་ང་ཚོས་སྣང་ཆུང་དང་ལྷོད་གཡེང་བྱས་ནས་སྡོད་ཐབས་ཡང་ཡོད་པ་མ་རེད་ཅེས་གསུང་བཞག