ཉི་ཧོང་གིས་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པར་ངོས་ལེན་མེད།
རྒྱ་ནག་གཞུང་ལ་དགོངས་སེལ་ཞུ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་ཉི་ཧོང་གཞུང་གིས་ངོས་ལེན་གནང་མེད་པ་རེད།
-
2010-09-26 -
-
-
༄༅༎ཉི་ཧོང་དང་རྒྱ་ནག་བར་བདག་དབང་གི་རྩོད་གཞི་ཡོད་པའི་རྒྱ་མཚོའི་ནང་ནས་ཉི་ཧོང་གཞུང་གིས་རྒྱ་ནག་གི་གྲུ་དཔོན་འཛིན་བཟུང་བྱས་པ་དེར་རྒྱ་ནག་གཞུང་ལ་དགོངས་སེལ་ཞུ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་ཉི་ཧོང་གཞུང་གིས་ངོས་ལེན་གནང་མེད་པ་རེད།
ཉེ་ཆར་ཤར་རྒྱ་ནག་གི་རྒྱ་མཚོའི་ཐོག་རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་ཀྱིས་ཉི་ཧོང་གི་མྱུལ་ཞིབ་གྲུ་གཟིངས་ཐོག་གདོང་ཐུག་བྱས་པའི་དོན་རྐྱེན་གྱིས་ཉི་ཧོང་གཞུང་གིས་རྒྱ་ནག་གི་གྲུ་དཔོན་དང་ལས་ཀ་བྱེད་མཁན་མི་༡༤འཛིན་བཟུང་བྱས་པའི་རྗེས་ལས་བྱེད་པ་༡༤སྔོན་ནས་གློད་བཀྲོལ་བཏང་སྟེ་རྒྱ་ནག་ཏུ་ཕྱིན་ལོག་བྱས་ཟིན་ཡོད་ཀྱང་གནས་ཚུལ་རྩད་གཅོད་བྱེད་པར་གྲུ་དཔོན་མུ་མཐུད་བཀག་ཉར་བྱས་ཡོད་པར་བརྟེན་ནས་རྒྱ་ནག་གཞུང་གིས་གྲུ་དཔོན་གློད་བགྲོལ་གཏོང་དགོས་པ་དང་བདེ་འཇགས་ལ་ཉེན་ཁ་མེད་པར་རྒྱ་ནག་ཏུ་ཕྱིན་ལོག་མ་བྱས་ན། རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་ལ་གནོད་འཚེ་བཟོ་རྒྱུའི་འཇིགས་སྐུལ་རིམ་པ་བྱས་པ་མ་ཟད། རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གཞུང་གིས་གྲུ་དཔོན་གློད་བཀྲོལ་བཏང་ཡང་རེས་གཟའ་སྤེན་པའི་ཕྱི་དྲོར་བསྐྱར་དུ་ཉི་ཧོང་ལ་གྲུ་དཔོན་འཛིན་བཟུང་བྱས་པ་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པ་དང༌། གུན་གསབ་འཇལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། འོན་ཀྱང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་རྒྱ་ནག་གི་དགོས་འདུན་ངོས་ལེན་ཞུ་དགོས་དོན་མེད། གནད་དོན་དེར་ཕྱོགས་གཉིས་པོས་བསམ་བློ་རྒྱ་ཆེན་པོའི་ཐོག་ནས་ལག་བསྟར་བྱེད་དགོས་པ་ཞིག་རེད་ཅེས་གསུང་ཡོད་པའི་སྐོར་ཉི་ཧོང་གི་ཀྱིཡོ་ཌོ་གསར་ཤོག་ཐོག་ལུང་འདྲེན་བྱས་ཡོད་པ་རེད། ཉི་ཧོང་གི་རང་དབང་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་དེ་རིང་ཉི་ཧོང་རྒྱལ་ཡོངས་བརྙན་འཕྲིན་ཐོག་གླེང་མོལ་གནང་སྐབས་རྒྱ་ནག་གི་གྲུ་དཔོན་གློ་བཀྲོལབཏང་བ་དེའི་མཚོན་དོན་ནི། གཞུང་གིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཉན་འཇོག་བྱས་པའི་སྐྱོན་བརྗོད་གནང་བ་མ་ཟད། ཁོང་གི་ངོས་ནས་དོན་རྐྱེན་དེའི་ཐོག་གཞུང་གི་འབྲེལ་ཡོད་དཔོན་རིགས་གྲོས་ཚོགས་ཐོག་གནས་ཚུལ་གསལ་བཤད་ཆེད་དུ་འབོད་འགུགས་བྱེད་རྒྱུ་མཚོན་པའི་གནད་དོན་དེ་གྲོས་ཚོགས་ཐོག་ལ་གླེང་སློང་བྱ་རྒྱུའི་ཐག་གཅོད་བྱས་ཟིན་པ་གསུང་ཡོད་པ་རེད། འོན་ཀྱང་གཞུང་འཛིན་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀ་སུ་ཡ་ཨོ་ཀ་ཌ་མཆོག་གིས། དཀའ་རྙོག་དེར་གཞུང་གིས་ཐག་གཅོད་བྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་བ་དང༌། ལྷག་པར་དུ་རྒྱ་ནག་གི་གྲུ་དཔོན་གློག་བགྲོལ་བཏང་བ་དེར་འཇིགས་སྐུལ་གྱི་གནོན་ཤུགས་གང་ཡང་མེད་པའི་འགྲེལ་བརྗོད་གནང་ཡོད་པ་རེད།