ཉི་ཧོང་དུ་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་པས་ངོ་རྒོལ་སྤེལ་འཆར།

ཉི་ཧོང་ནང་ཡོད་པའི་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་འདུག

༄༅༎ཉི་ཧོང་ནང་ཡོད་པའི་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཚོས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཁོང་ཚོའི་ནང་མི་སྤུན་མཆེད་ཚོར་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་གྲོང་ཁྱེར་ཡོ་ཀོ་ཧ་མའི་ནང་སྤེལ་འཆར་ཡོད་འདུག

ལོ་ངོ་བཅུའི་གོང་རྒྱ་ནག་གཞུང་གིས་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་དེ་བཞིན་ཆོས་ལོག་པ་ཡིན་པ་བརྗོད་ནས་རྡུང་རྡེག་བཏང་བའི་རྗེས་རྒྱ་ནག་ནང་ཡོད་པའི་ཚོགས་པ་དེའི་ཚོགས་མི་མང་པོ་འཇུ་བཟུང་དང་སྡུག་སྦྱོང་མནར་གཅོད་མྱང་དགོས་བྱུང་ཡོད་པ་རེད། ཉི་ཧོང་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱེད་བཞིན་པ་རང་ལོ་སུམ་ཅུ་སོ་གཅིག་ལ་སླེབས་པ་ཀྲང་ཡུན་ཧད་ཀྱིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལྟར་ན་ཁོང་གི་སྤུན་མཆེད་ཅིག་ནས་རྒྱ་ནག་གཞུང་གིས་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པའི་རྐྱེན་གྱིས་ཕྱི་ལོ་ཉིས་སྟོང་གཉིས་ལོར་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ནས་ཉེས་རྡུང་མནར་གཅོད་འོག་རྒྱ་ནག་ལྟ་སྲུང་ཁང་ནང་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་དཔར་དང་དེ་མིན་གྱི་དཔང་རྟག་བཏོན་ནས་འགྲེལ་བརྗོད་བྱས་ཡོད་འདུག་ལ་རྐྱེན་འདས་སུ་ཕྱིན་པའི་སྤུན་མཆེད་དེའི་ནང་མི་ཚོས་ཁོང་གི་ཕུང་པོ་རྒྱ་ནག་ལྟ་སྲུང་ཁང་ནས་ལེན་པའི་རྗེས་ཁོང་གི་ལུས་པོའི་ནང་ཆ་ཁག་ཅིག་ཕྱིར་འདོན་བྱས་ཟིན་པ་འགྲེལ་བརྗོད་གནང་བཞག གོང་ཞུས་སློབ་ཕྲུག་ཀྲང་གིས་ད་རེས་ཉི་ཧོང་ནང་ཡོད་པའི་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་མི་ཚོས་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་ནས་རྒྱ་ནག་གུང་ཁྲན་ཚོགས་པའི་བྱ་སྤྱོད་ཁག་ལ་ངོ་རྒོལ་ཤུགས་ཆེ་བྱ་རྒྱུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གང་བྱུང་གིས་མིའི་ཚེ་སྲོག་བཅད་ཀྱི་ཡོད་པའི་བྱ་སྤྱོད་རིགས་མཚམས་འཇོག་ཡོང་རྒྱུར་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡོད་ཅེས་བརྗོད་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org