ཨིསི་རའེལ་དང་ཧ་མ་སེ་ཤོག་ཁག་དབར་འཐབ་རྩོད་མུ་མཐུད།
ཨིསི་རའེལ་དང་ཧ་མ་སེ་ཤོག་ཁག་དབར་འཐབ་རྩོད་མུ་མཐུད་བྱེད་བཞིན་པ་ལྟར་དེ་རིང་པེ་ལེསི་ཀྲིན་གྱི་ཡུལ་མི་ཉི་ཤུ་རྩ་དྲུག་གི་ཚེ་སྲོག་ཤོར་འདུག
-
2009-01-11 -
-
-
༄༅༎ཨིསི་རའེལ་གྱི་དཔུང་དམག་དང་ཧ་མ་སེ་ཤོག་ཁག་དབར་འཐབ་རྩོད་མུ་མཐུད་བྱེད་བཞིན་པ་ལྟར་རེས་གཟའ་ཉི་མའི་ཉིན་དྲག་རྒོལ་ནང་ཉུང་མཐར་པེ་ལེསི་ཀྲིན་གྱི་ཡུལ་མི་ཉི་ཤུ་རྩ་དྲུག་གི་ཚེ་སྲོག་ཤོར་ཡོད་འདུག
ཨི་སི་རའེལ་གྱི་གའ་ཛའི་ཐོག་སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་ནས་བཟུང་ཐོག་མར་གནམ་ཐོག་དང་དེ་ནས་རིམ་པས་ས་ཐོག་ནས་བཙན་རྒོལ་གྱིས་ད་བར་པེ་ལེསི་ཀྲིན་གྱི་ཡུལ་མི་༨༧༩ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་དེའི་གྲས་ནས་༢༧༥ལོ་ན་མ་སོན་པའི་བྱིས་པ་ཡིན་པ་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་༣༦༢༠ཆགས་ཡོད་འདུག གའ་ཛ་ནས་ཧ་མ་སེ་གྱེན་ལོག་པས་ཨིསི་རའེལ་ཐོག་ད་བར་མེ་ཤུགས་འཕུར་མདེལ་དྲུག་རྒྱ་ཙམ་འཕངས་ཏེ་ཨིསི་རའེལ་གྱི་དམག་མི་བཅུ་དང་ཞི་བའི་ཡུལ་མི་གསུམ་བཅས་བཅུ་གསུམ་རྐྱེན་ལམ་དུ་བཏང་ཡོད་འདུག རེས་གཟའ་སྤེན་པའི་ཕྱི་དྲོ་ཨིསི་རའེལ་གྱི་དམག་མི་གའ་ཛའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཏལ་ཨལ་ཧ་ལྦ་ཞེས་པ་བཙན་འཛུལ་གྱིས་དྲག་རྒོལ་ཤུགས་ཆེ་བྱས་པའི་རྗེས་སུ་སྔ་དྲོ་ཕྱིར་འཐེན་བྱས་ཡོད་འདུག་ཀྱང་ཡུལ་མི་ཚོ་སྡོད་བློ་མ་བཟོད་པར་བྲོས་བྱོལ་དུ་འགྲོ་མུས་ཡིན་འདུག དེའི་དབར་ལ་ཨི་ཇིབ་ཏི་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་རྒྱབ་སྐྱོར་འོག་མེ་འཕེན་མཚམས་འཇོག་གི་གྲོས་འཆར་སྟོན་ཡོད་པ་མ་ཟད་རེས་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མེ་འཕེན་མཚམས་འཇོག་དགོས་པའི་གྲོས་ཆོག་བཞག་ཡོད་ཀྱང་ཕྱོགས་གཉིས་ཀ་དེར་བརྩི་འཇོག་བྱས་མེད་པ་རེད། ཨིསི་རའེལ་གྱིས་གའ་ཛའི་ཐོག་ས་གནས་གཉིས་ཐོག་ནས་དྲག་རྒོལ་མཚམས་འཇོག་མེད་པ་བྱེད་བཞིན་པ་དེར་རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཆེན་པོ་ཡོང་མུས་ལྟར་རེས་གཟའ་ཉི་མའི་ཉིན་ཨིན་ཌོ་ནེ་ཤི་ཡའི་ནང་ཡུལ་མི་ཁྲི་གཉིས་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་མཚོན་ཆེད་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་འདུག