དྲག་སྤྱོད་པས་རྒྱ་གར་དུ་བསྐྱར་དུ་རྒོལ་རྡུང་གཏོང་རྒྱུའི་ཉེན་ཁ།

རྒྱ་གར་ནང་དུ་ཡོད་པའི་ཕྱི་རྒྱལ་མི་རིགས་ཐོག་བསྐྱར་ཏུ་རྒོལ་རྡུང་གཏོང་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ཨི་སི་རེལ་གྲོང་ཁྱེར་ཇེ་རུ་སི་ལཱམ་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཨི་སི་རེལ་ཕྱོགས་ནས་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེ་གཏོང་མཁན་གྱི་ཁ་ཆེ་དྲག་སྤྱོད་ཚོགས་པས་རྒྱ་གར་ནང་དུ་ཡོད་པའི་ཕྱི་རྒྱལ་མི་རིགས་ཐོག་བསྐྱར་ཏུ་རྒོལ་རྡུང་གཏོང་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་གར་ནི་ཨི་སི་རེལ་མི་རིགས་མང་པོ་ཡུལ་སྐོར་སྤྲོ་འཆམ་དང་གནས་སྡོད་བྱེད་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་དེར་བརྟེན་དེ་རིང་རེས་གཟའ་པ་སངས་ཉིན་ཨི་སི་རེལ་རྒྱལ་ཡོངས་སྲུང་སྐྱོབ་ལས་ཁང་གི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱེད་མཁན་གྱི་ཚན་པའི་འགོ་ཁྲིད་ནིཏ་ཛེན་ནུ་རིལ་ཞུ་བར་ཨི་སི་རེལ་གྱི་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས་ཇིའུ་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་དེའི་རིང་ལ་རྒྱ་གར་ནང་དུ་ཨི་སི་རེལ་མི་དམངས་མང་པོ་ཞིག་འདུ་འཛོམས་བྱེད་ཀྱི་ཡོད་པ་བརྟེན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གཏོང་རྒྱུའི་ཉེན་ཁ་ཡོད་པར་བརྟེན་རྒྱ་གར་གྱི་ས་གནས་གཞུང་སོ་སོའི་ཐོག་ནས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཐུབ་པའི་གོ་མཚོན་དང་ཉེན་རྟོག་པའི་མོ་ཊ་སོགས་ལས་དོན་ཚགས་ཚུད་དགོས་པ་དང་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དེས་ན་ནིང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ཚབས་ཆེའི་གཏོར་རྒོལ་བཏང་བ་ལྟར་ཁོང་ཚོས་བསྐྱར་ཏུ་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་གཏོར་རྒོལ་གཏོང་རྒྱུའི་འཆར་གཞི་དང་གྲ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད་དམིགས་བསལ་ནུབ་ཕྱོགས་པ་དང་ཨི་སི་རེལ་མི་རིགས་ཡུལ་སྐོར་འགྲོ་ཡུལ་གྱི་ས་གནས་ཐོག་གཏོར་རྒོལ་གཏོང་རྒྱུའི་གཙོ་བོའི་དམིགས་ཡུལ་བཟུང་གི་ཡོད་པར་བརྟེན་ཁོང་གིས་ཉེན་བརྡ་བཏང་གནང་བ་དེ་ནི་རྒྱ་གར་ནང་དུ་ཡོད་པའི་ཨི་སི་རེལ་མི་དམངས་ཚོས་སྔོན་ཚུད་ནས་དོགས་ཟོན་བྱ་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org