བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་འགྱུར་ལྡོག་གི་གལ་གནད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ།
-
2019-01-15 -
-
-
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ།
ཕྱི་ཟླ་ཚེས་༡༥ ཉིན་བཞུགས་སྒར་རྡ་རམ་ས་ལར་སུད་སིར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱལ་སྤྱིའི་གནས་བབས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་ལ་ཉིན་གསུམ་རིང་གི་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་བཞིན་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་འགྱུར་ལྡོག་ལ་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཁག་རྒྱལ་སྤྱིའི་སྟེང་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།
ཡང་སུད་སིའིགྲོང་ཁྱེར་(Geneva) ནས་ཆེད་དུ་ཕེབས་པའི་ཟབ་ཁྲིད་པ་ལྕམ་ (Marguerite Contat) ལགས་ཀྱིས། ཉིན་གསུམ་རིང་གི་ཟབ་སྦྱོང་དེའི་ནང་ཁོང་རང་ཉིད་ནས་གཞན་ལ་ཟབ་སྦྱོང་ཁྲིད་པ་ཙམ་མ་ཡིན་པར། བོད་མི་ཚོས་བོད་ཀྱི་གནད་དོན་ཇི་འདྲ་ཞིག་གི་ཐོག་བློ་འཚབ་དང་། སེམས་ཁྲལ་བྱེད་ཀྱི་ཡོད་མེད་མཁྱེན་འདོད་ཡོད་པ་གསུངས་ཞིང་།
ཡང་སུད་ཛར་ལེནཌ་ནས་ཆེད་དུ་ཕེབས་པ་། སྐུ་ཞབས་(Adrien-Claude Zoller)་དང་། སྐུ་ཞབས་(Yves Lador) སྐུ་ཞབས་(Joshua Cooper) རྣམས་ནས་ཁོར་ཡུག་དང་། གནམ་གཤིས་འགྱུར་ལྡོག སུད་སིའི་རྒྱལ་ཁབ་ཀྱི་ཆབ་སྲིད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཟབ་ཁྲིད་གནང་རྒྱུ་ཡིན་འདུག
ཉིན་གསུམ་གྱི་ཟབ་སྦྱོང་དེའི་ནང་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཚན་པའི་ལས་བྱེད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁག་ཅིག། དེ་བཞིན་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཚོགས་སྡེ་ཁག་གི་འཐུས་མི་སོགས་མཉམ་བཞུགས་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་དགེ་ལེགས།