ས་མཚམས་ཁུལ་ཞི་བདེ་དར་སྤེལ་གཏོང་རྒྱུར་མོས་མཐུན་བྱུང་འདུག

རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ཁུལ་ཞི་བདེ་དར་སྤེལ་གཏོང་རྒྱུར་གྲོས་མོལ་རྗེས་མོས་མཐུན་བྱུང་འདུག

རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་འགག་སྒོ། AFP

རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ཁུལ་ཞི་བདེ་དར་སྤེལ་གཏོང་རྒྱུར་གྲོས་མོལ་རྗེས་མོས་མཐུན་བྱུང་འདུག
དེ་ཡང་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དེ་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཡང་ཇིཡེ་ཆེ་དང་། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇིཏ་དྷོ་ཝཱལ་རྣམ་གཉིས་དབར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚུགས་ཡོད་ཅིང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱལ་ཁབ་གཉིས་པོས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་མུ་འཐུད་འཕེལ་རྒྱས་གཏོང་ཐབས་ཀྱི་རྨང་གཞིར་ས་མཚམས་ཁུལ་ཞི་བདེ་དང་བརྟན་ལྷིང་འབྱུང་རྒྱུར་དགོས་ངེས་ཀྱིས་ལས་དོན་ལག་བསྟར་བྱ་རྒྱུར་མོས་མཐུན་བྱུང་ལུགས་བཀོད་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་གྲོས་མོལ་འདི་ནི་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷི་མཆོག་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་སྔོན་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཐད་ཡར་རྒྱས་ཀྱི་གྲུབ་འབྲས་ཤིག་ཡོང་ཐབས་ཀྱི་འབད་བརྩོན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་དབར་ཕྱི་ལོ་༡༩༦༢ ལོར་ཤར་མོན་ནས་ནུབ་ལ་དྭགས་བར་གྱི་ས་མཚམས་ཀྱི་རྩོད་གཞིའི་ཐོག་དམག་འཐབ་བྱས་ཤིང་། རྒྱ་གར་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་གཞིའི་དཀའ་ངལ་སེལ་ཆེད་གྲོས་མོལ་ལན་མང་བྱས་ཡོད་ཀྱང་རྩོད་རྙོག་སེལ་ཐུབ་མེད་པའི་ཁར་ད་དུང་འདས་པའི་ལོ་ཤས་ཀྱི་དུས་ཡུན་ནང་རྒྱ་མིའི་དམག་མི་ས་མཚམས་བརྒལ་ཏེ་རྒྱ་གར་གྱི་ལ་དྭགས་ས་ཁུལ་ནང་བཙན་འཛུལ་བྱས་པའི་གནས་ཚུལ་རིམ་པ་བྱུང་ཡོད་ལ། རྒྱ་ནག་གི་སྲིད་འཛིན་ཤི་ཇིན་པིང་རྒྱ་གར་དུ་འཚམས་གཟིགས་པའི་ཕེབས་པའི་དུས་ཚོད་ད་ག་རང་གི་སྐབས་རྒྱ་མིའི་དམག་མི་ལ་དྭགས་ཁུལ་སླར་ཡང་བཙན་འཛུལ་བྱས་པའི་དོན་རྐྱེན་ལྷག་པའི་གནས་ཚུལ་བྱུང་ཡོད་པ་རེད།
སྔ་ལོ་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ དྷོ་ཝཱལ་གྱིས་རྒྱ་གར་གྱི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁྱོན་མངའ་དབང་བློས་མི་གཏོང་བའི་ཐོག་ནས་རྒྱ་ནག་དང་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།  

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org