རྒྱ་གར་དུ་ལག་ཐོགས་ཁ་དཔར་ཚོང་བསྒྱུར་གྱི་དཀའ་རྙོག།

ལག་ཐོགས་ཁ་དཔར་གྱི་ལག་འཁྱེར་ཚོང་བསྒྱུར་གྱི་དཀའ་རྙོག་ཐོག་རྒྱ་གར་གྲོས་ཚོགས་ནང་ལས་དོན་གནང་མ་ཐུབ་པའི་གནས་སྟངས་སྐོར།

༄༅༎ལག་ཐོགས་ཁ་དཔར་གྱི་ལག་འཁྱེར་ཚོང་བསྒྱུར་གྱི་དཀའ་རྙོག་ཐོག་རྒྱ་གར་གྲོས་ཚོགས་ནང་ལས་དོན་གནང་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་

རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཁག་གིས་གཞུང་ཕྱོགས་ནས་ལག་ཐོག་ཁ་དཔར་ལག་འཁྱེར་སྤོས་ཚོང་གི་དཀའ་རྙོག་དེ་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཐུ་མོང་ཐོག་ཞིབ་འཇུག་གནང་དགོས་པའི་དགོས་འདུན་བཏོན་པར་གཞུང་ཕྱོགས་ནས་དེར་ངོས་ལེན་མ་གནང་སྟབས་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་གཙོ་བོ་སྦི་ཇེ་པི་ཚོགས་པའི་འགོ་འཁྲིད་སུཤི་མ་སལྦ་རཇ་ཡིས་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཚང་མ་ལག་འཁྱེར་ཁ་དཔར་གྱི་དཀའ་རྙོག་དེ་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་འཐུས་མི་ཡོད་པའི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་གནང་དགོས་པའི་དགོས་འདུན་གཅིག་མཚུངས་ཡིན་སྐོར་གསུང་འདུག             ཁོང་གིས་གལ་སྲིད་གཞུང་ཕྱོགས་ནས་གོང་ཞུས་ཕྱོགས་འགལ་ཚོགས་པ་ཁག་གི་དགོས་འདུན་དེར་ཁས་ལེན་གནང་ཚེ་ང་ཚོས་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཐོག་འགོག་རྐྱེན་བཟོ་རྒྱུ་དེ་འཕྲལ་དུ་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་གསུང་འདུག             གནད་དོན་འདིའི་ཐད་གཞུང་ཕྱོགས་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལྷན་ཚོགས་གནང་བའི་རྗེས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཅིག་གིས་དཔལ་འབྱོར་བློན་ཆེན་སྐུ་ཞབས་པཱར་ནབ་མུ་ཁར་ཇི་ཡིས་གོང་ཞུས་ཕྱོགས་འགལ་ཚོགས་པའི་དགོས་འདུན་དེ་སྲིད་བློན་མན་མོ་ཧན་སིང་མཆོག་ལ་སྙན་སེང་ཞུ་རྒྱུའི་ཁས་ལེན་བྱུང་སྐོར་གསུང་འདུག གོང་ཞུས་ཀྱི་དཀའ་རྙོག་དེས་གྲོས་ཚོགས་ནང་ཡུལ་གྱི་དངུལ་ཁང་གི་ཁྲིམས་གཞིར་བསྒྱུརབཅོས་དང་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་ཐོག་ཁྲིམས་གཞི་གསར་པ་ཁག་ཅིག་གཏན་འཁེལ་གནང་རྒྱུར་འགོག་རྐྱེན་འཕྲད་ཡོད་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org