རྒྱ་གར་སྲིད་བློན་གྱིས་ལྐོག་ཟ་རུལ་སུངས་སྐོར་་གསུང་གླེང་།

རྒྱ་གར་གྱི་སྲིད་བློན་མཆོག་གིས་ལྐོག་ཟ་རུལ་སུངས་ཐོག་གདོང་ལེན་བྱེད་ཕྱོགས་དེ་རྒྱུ་མཚན་དང་ལྡན་པ་ཞིག་དགོས་སྐོར་གསུང་ཡོད་པ་རེད།

༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གནང་མཁན་ཨ་ན་ཧ་ཛ་རེ་ལ་རྒྱ་གར་མི་མང་ནས་རྒྱབ་སྐྱོར་གནང་མཁན་དེ་ཤུགས་ཆེ་ཡོད་པའི་དུས་སྐབས་དེར་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ལྐོག་ཟ་རུལ་སུངས་ཐོག་གདོང་ལེན་བྱེད་ཕྱོགས་དེ་རྒྱུ་མཚན་དང་ལྡན་པ་ཞིག་དགོས་སྐོར་གསུང་ཡོད་པ་རེད་      

སྲིད་བློན་སིང་མཆོག་གིེས་རེས་གཟའ་ཟླ་བ་ཉིན་རྒྱ་གར་ཤར་ཕྱོགས་ཀོལ་ཀ་ཏ་གྲོང་ཁྱེར་ནང་གསུང་བཤད་ཅིག་གནང་བའི་ནང་རྒྱ་གར་ནང་བསམ་ཤེས་ཡོད་མཁན་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེ་གདོང་ལེན་གནང་དགོས་པ་མཁྱེན་གྱི་ཡོད་ ཡིན་ནའང་དཀའ་ངལ་དེ་རྙོག་འཛིང་ག་ཚོད་ཀྱི་ཆེན་པོ་ཞིག་ཡིན་པ་ངོས་ལེན་གནང་དགོས་ཞེས་གསུང་འདུག ཡང་ཁོང་གིས་ཡུལ་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཆེད་ལོཀ་པལ་ཞེས་པའི་ཁྲིམས་གཞི་ཞིག་བཟོས་གནང་བ་ཡིན་ནའང་དེས་དཀའ་ངལ་དེ་ཆ་ཚང་སེལ་ཐུབ་རྒྱུ་མིན་པ་དང་གོང་ཞུས་ཀྱི་ཁྲིམས་གཞི་དེར་ཁྲིམས་ཐོག་ལས་ཀ་བྱེད་ཕྱོགས་དང་གཞུང་གི་ལས་ཀ་བྱེད་ཕྱོགས་ཐོག་ཡང་འགྱུར་བ་གཏོང་དགོས་སྐོར་གསུང་འདུག             སྲིད་བློན་སིང་མཆོག་གིས་ཁོང་གི་གཞུང་ཕྱོགས་ནས་ཡུལ་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུར་རྒྱུ་མཚན་ལྡན་པའི་ཐོག་བགྲོ་གླེང་གནང་རྒྱུར་མོས་མཐུན་ཡོད་ཀྱང་ཐབས་ལམ་གཅིག་རང་འདོན་པའི་ཐོག་དཀའ་ངལ་དེ་སེལ་ཐུབ་རྒྱུ་མིན་སྐོར་གསུང་འདུག            རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བཟས་བཅད་ངོ་རྒོལ་གནང་མཁན་སྐུ་ཞབས་ཨ་ན་ཧ་ཛ་རེ་ཡིས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་་མེད་པ་བཟོ་རྒྱུའི་ཆེད་ལོཀ་པལ་ཞེས་པའི་ཁྲིམས་གཞི་ཞིག་གཏན་འབེབས་གནང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད་          ཁྲིམས་གཞི་དེས་ཡུལ་གྱི་སྲིད་དོན་པ་དང་གཞུང་གི་ལས་ཀ་བྱེད་མཁན་རྣམས་ཀྱིས་ལྐོག་བཟའ་བྱེད་ཀྱི་ཡོད་མིན་རྟོག་ཞིབ་གནང་ཆོག་པའི་ཁྲིམས་གཞི་ཞིག་ཆགས་ཀྱི་ཡོད་པ་རེད་ སྐུ་ཞབས་ཧ་ཛ་རེ་ཡིས་རྒྱ་གར་གྱི་གྲོས་ཚོགས་ནས་གོང་ཞུས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་ཁྲིམས་གཞི་དེ་གཏན་འབེབས་མ་གནང་བར་བཟས་བཅད་ངོ་རྒོལ་མུ་མཐུད་གནང་རྒྱུ་ཡིན་པ་དང་ཁོང་གི་ལས་འགུལ་དེར་རྒྱ་གར་བ་ས་ཡ་མང་པོས་རྒྱབ་བསྐྱོར་གནང་གི་ཡོད་པའི་གནས་ཚུལ་ཐོག་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org