རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞིའི་སྐོར།

རྒྱ་གར་གཞུང་གི་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞི་གཏན་ལ་ཕབ་རྒྱུར་ཉིན་ཤས་དུས་འགྱངས་བྱེད་དགོས་བྱུང་བ།

༄༅༎རྒྱ་གར་གཞུང་གི་གྲོས་ཚོགས་ནང་། ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞི་གཏན་ལ་ཕབ་རྒྱུར་ཉིན་ཤས་དུས་འགྱངས་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
དགུན་དུས་གྲོས་ཚོགས་ཚོགས་དུས་སུ་ཡུན་རིང་ནས་གྲོས་འཆར་བཏོན་བཞིན་པའི་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་འགོག་ཐབས་བྱེད་རྒྱུའི་གྲོས་ཆོད་དང་། གཞན་ཡང་བཟའ་བཅའི་རིགས་མཁོ་སྤྲོད་བྱེད་རྒྱུའི་གྲོས་འཆར་སོགས་ཁྲིམས་གཞི་ཁག་ཅིག་ཐོག་གླེང་སློང་གནང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པ་བྱུང་མེད་པ་རེད། འོན་ཀྱང་གནད་དོན་དེ་དག་གི་ཐོག་སླར་ཡང་འདི་ཚེས་བདུན་ཕྲག་རྗེས་མ་བགྲོ་གླེང་གནང་འཆར་ཡོད་འདུག རྩ་བའི་གཞུང་གི་ངོས་ནས་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞིའི་ཟིན་བྲིས་ཤིག་བཏོན་ཡོད་ཀྱང་དེར་ཕྱོགས་འགལ་ཚོགས་པ་དང་། དམིགས་བསལ་ཟླ་ཤས་གོང་ནས་རྒྱ་གར་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་འགོག་ཐབས་སུ་ལས་འགུལ་རྒྱ་ཆེ་སྤེལ་མཁན་སྐྱེས་བུ་དམ་པ་གྷན་རྡིའི་རྗེས་མཇུག་པ་ཨ་ན་ཧ་ཛ་རེ་དང་། ཁོང་གི་ཕྱག་རོགས་ཚོས་བཏོན་བཞིན་པའི་གནད་དོན་ཁག་དེའི་ནང་ཚུད་ཀྱི་མེད་ལུགས་གསུངས་ནས་ད་བར་གྲོས་ཆོད་དེར་ངོས་ལེན་བྱས་མེད་པ་རེད། ཁོང་རྣམས་ནས་ལོཀ་པལ་ཞེས་པའི་ཁྲིམས་གཞི་དེའི་ནང་། རྒྱ་གར་གྱི་སྲིད་བློན་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་ཁྲིམས་བཤེར་བྱེད་ཆོག་པ་དང་། དེ་བཞིན་སི་སྦི་ཨའེ་དབུས་ཞིབ་དཔྱོད་ཞིབ་འཇུག་བྱེད་མཁན་གྱི་དབུས་ལས་ཁུངས་དེ་ཡང་གཞུང་གི་ཐེ་བྱུས་མེད་པའི་ཐོག་ནས་རང་དབང་ལྡན་པའི་ཐོག་ནས་ལས་དོན་སྤེལ་རྒྱུ་ཡོད་པ་ཞིག་དགོས་རྒྱུའི་འདུན་པ་བཏོན་ཡོད་པ་རེད། དེར་རྒྱ་གར་གཞུང་གི་གྲོས་འཆར་དེའི་ནང་ཁས་ལེན་མེད་པ་བཅས་ཀྱི་གནས་སྟངས་འོག་གང་ལྟར་ཁྲིམས་གཞི་དེ་གཏན་ལ་ཕབ་ཐུབ་མེད་པ་ཞིག་ཡིན་འདུག དེ་དང་ཕྱོགས་མཚུངས་ཀོང་རེ་སེ་ ཨ་ཡེ་ཚོགས་པས་བཏོན་པའི་བཟའ་བཅའི་རིགས་མི་མང་ཚོར་རང་རང་སོ་སོའི་ཡོང་བབས་ལ་གཞིགས་པས་གོང་ཁེ་པོའི་ཐོག་ནས་མཁོ་སྤྲོད་བྱེད་རྒྱུའི་ཁྲིམས་གཞི་དེའི་ཐོག་ལའང་ཕྱོགས་འགལ་ཚོགས་པ་ཙམ་མ་ཡིན་པར་གཞུང་གི་མནའ་འབྲེལ་ཚོགས་པ་ཚོས་ཀྱང་མོས་མཐུན་ཡག་པོ་ཞིག་བྱེད་ཀྱི་མེད་སྟབས་དེའི་ཐོག་བློན་ཆེན་ལྷན་ཚོགས་ནས་མོས་མཐུན་བྱས་ཀྱང་གྲོས་ཚོགས་ནང་གཏན་འབེབས་བྱས་ཐུབ་མེད་པ་རེད། ཁོང་ཚོས་དེ་ནི་གཞུང་གི་འགྲོ་སོང་ཧ་ཅང་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་བཤད་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org