རྒྱ་གར་གྱི་ཀཤ་མིར་ཁུལ་དུ་ཁ་ཆེའི་མི་རིགས་ཚོས་ངོ་རྒོལ་བྱས་པ།
རྒྱ་གར་གཞུང་གིས་ཀཤ་མིར་ཁུལ་དུ་ཧིན་རྡུའི་མི་རིགས་སྤོ་བཤུག་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གྱི་སྐད་ཆ་ཞིག་ཡོད་པ་དེར་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་འདུག
-
2008-06-28 -
-
-
༄༅༎རྒྱ་གར་གཞུང་གིས་ཀཤ་མིར་ཁུལ་དུ་ཧིན་རྡུའི་མི་རིགས་སྤོ་བཤུག་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གྱི་སྐད་ཆ་ཞིག་བཀྲམ་ཡོད་པ་དང་ གཟའ་སྤེན་པའི་ཉིན་མི་དམངས་སྟོང་ཕྲག་མང་པོས་མུ་མཐུད་ཇ་མུ་དང་ཀཤ་མིར་མངའ་སྡེའི་གྲོང་ཁྱེར་མང་པོའི་ནང་ངོ་རྒོལ་བྱས་ཏེ་ གྲོང་ཁྱེར་མང་པོ་ཞིག་གི་ནང་ལས་དོན་ཡོངས་སུ་མཚམས་འཇོག་བྱ་དགོས་བྱུང་འདུག
རྒྱ་གར་ནང་གི་ཁ་ཆེའི་མི་རིགས་ཚོས་ ཀཤ་མིར་དུ་ཧིན་རྡུའི་མི་རིགས་གནས་སྤོ་བྱེད་ཚེ་ དེས་ད་ལྟ་ས་ཁུལ་དེའི་ནང་ཁ་ཆེའི་མི་འབོར་མང་བ་ཡོད་པ་དེ་མེད་པ་ཆགས་རྒྱུར་འཇིགས་སྣང་བྱེད་བཞིན་ཡོད་པ་རེད་
གཟའ་སྤེན་པའི་ཉིན་གྱི་ཀཤ་མིར་ཁུལ་གྱི་ངོ་རྒོལ་གྱི་ལས་འགུལ་འདི་ནི་ ལོ་ཉི་ཤུའི་ནང་གི་ངོ་རྒོལ་ཆེ་ཤོས་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་ ཉེན་རྟོག་པུ་ལི་སིས་ངོ་རྒོལ་བ་ཚོའི་ཁྲོད་ མིག་ཚའི་དུག་རླངས་དང་ བར་སྣང་ཐོག་མེ་མདའ་བརྒྱབ་པ་སོགས་བྱས་ཡོད་འདུག་ཅིང་ ཨེ་པི་གསར་ལས་ཁང་གིས་ས་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན་ ངོ་རྒོལ་དུས་ཟིང་གི་ལས་འགུལ་དེའི་འོག་མི་གསུམ་རྐྱེན་ལམ་དུ་ཕྱིན་འདུག་པ་དང་ མི་བརྒྱ་ཕྲག་འགའ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ་ ངོ་རྒོལ་བ་ཚོས་མོ་ཊ་མེར་བསྲེགགས་བཏང་བ་སོགས་དྲག་སྤྱོད་བརྩམས་ཡོད་པ་ ཉེན་རྟོག་པུ་ལི་སིའི་མགྲིན་ཚབ་པ་ པཱ་ར་བ་ཀར་ ཏྲི་པ་ཐིས་གསུངས་འདུག་ལ་ ཉེན་རྟོག་དམག་མི་ ༡༢ ཙམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་ཀྱང་འགྲེལ་བརྗོད་གནང་འདུག
ངོ་རྒོལ་གྱི་ལས་འགུལ་དེ་གཙོ་བོ་ས་གནས་གཞུང་གིས་ཧིན་རྡུའི་ཆོས་ཚོགས་ཤྲི་ཨ་མར་ནཐ་ཞེས་པའི་ལོ་ལྟར་ཧིན་རྡུའི་ཆོས་བྱེད་པ་འབུམ་ཕྲག་མང་པོ་ཁུལ་དེའི་ནང་གནས་མཇལ་དུ་ཡོང་མཁན་ཚོའི་ཆེད་ སྔོད་ཁང་སོགས་ཀྱི་མཐུན་རྐྱེན་འཛུགས་བསྐྲུན་བྱ་རྒྱུར་ས་ཆ་ཨེ་ཀར་ ༩༩ ཞིག་མཁོ་སྤྲོད་བྱས་ཡོད་པ་དེའི་ཐོག་ཡིན་ཞིང་ ཀཤ་མིར་གྱི་ཁ་ཆེ་ཚོས་ རྒྱ་གར་གཞུང་གི་ཕུགས་ཀྱི་འཆར་གཞི་ནི་ ས་ཆ་དེར་རིམ་པས་ཧིན་རྡུའི་མི་རིགས་སྤོ་བཤུག་བྱ་རྒྱུ་དེ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད༎