རྒྱ་གར་གྱི་མེས་པོ་དམ་པ་གན་རྡིའི་སྐུ་ཆས་ཚོང་བསྒྱུར་སྐོར།

རྒྱ་གར་གཞུང་གིས་མེས་པོ་དམ་པ་གན་རྡིའི་སྐུ་ཆས་ཁག་ཅིག་རིན་གོང་འགྲན་རྩོད་ཐོག་ཚོང་བསྒྱུར་བྱེད་རྒྱུའི་འཆར་གཞི་དེ་འགོག་ཐབས་གནང་རྒྱུ།

༄༅༎རྒྱ་གར་གཞུང་གིས་ཡུལ་གྱི་མེས་པོ་དམ་པ་གན་རྡི་མཆོག་གི་སྐུ་སྒེར་གྱི་སྐུ་ཆས་ཁག་ཅིག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རིན་གོང་འགྲན་རྩོད་ཐོག་ཚོང་བསྒྱུར་བྱེད་རྒྱུའི་འཆར་གཞི་དེ་འགོག་ཐབས་གནང་རྒྱུ་ཡིན་པ་རེད།

རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་མགྲིན་ཚབ་པས་གཞུང་ཕྱོགས་ནས་དམིགས་བསལ་ཆེད་འཛུགས་གནང་བའི་ཚོགས་ཆུང་དེ་ཐེངས་གཉིས་རིང་ཚོགས་གནང་སྐོར་གསུང་འདུག གཞུང་གི་མགྲིན་ཚབ་པ་དེས་གཞུང་ཕྱོགས་ནས་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་དང་ཚོགས་ཆུང་དེས་གཞུང་ལ་དགོངས་འཆར་ཁག་ཅིག་འབུལ་ཟིན་སྐོར་གསུང་འདུག ཕྱི་ཟླ་གསུམ་པའི་ཚེས་བཞི་དང་ལྔ་ཉིན་གནང་རྒྱུའི་རིན་གོང་འགྲན་བསྡུར་ཐོག་ཚོང་བསྒྱུར་གནང་རྒྱུའི་ནང་མེས་པོ་དམ་པ་གན་རྡི་མཆོག་གི་སྤྱན་ཤེལ་དང་ཅབ་དེ་ཕྱག་ཚོད་དང་ཞལ་ཡོལ་འགའ་ཤས་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་བདུན་ལོར་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་དབྱིན་ཇིའི་ཁི་རིས་ཊི་ཞེས་པའི་རིན་གོང་འགྲན་བསྡུར་ཐོག་ཚོང་བསྒྱུར་གནང་མཁན་ཚོང་ཁང་དེས་གན་རྡི་མཆོག་འདས་གྲོངས་མ་སོང་གོང་ཙམ་ལ་བྲིས་གནང་བའི་ཕྱག་བྲིས་ཤིག་མཁོ་སྒྲུབ་གནང་ཐུབ་པ་བྱུང་ཡོད་པ་རེད། ཡིན་ནའང་གན་རྡི་མཆོག་གི་སྐུ་ཚབ་ཏུ་ཤར་གན་རྡི་ཡིས་རྒྱ་གར་གཞུང་ཕྱོགས་ཀྱི་ལས་དོན་གནང་ཕྱོགས་དེར་འདོད་བློ་ཁེངས་པ་ཞིག་ཡོང་བཟོ་མེད་པར་གཟིགས་སྟེ་རང་ཉིད་སྒེར་ཐོག་མང་ཚོགས་ནས་དངུལ་བསྡུ་རུབ་གནང་ནས་གོང་ཞུས་གན་རྡི་མཆོག་གི་སྐུ་ཆས་དེ་དག་མཁོ་སྒྲུབ་གནང་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org