རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ།
རྒྱ་གར་གྱི་ལུས་སྦྱོང་ཡོའོ་ག་ཐོག་ལ་སྐད་གྲགས་ཅན་གྱི་བྲམ་ཟེ་རཱམ་རྡེལྦ་ཡིས་ཟས་བཅད་ངོ་རྒོལ་ལས་འགུལ་བསྐྱར་དུ་འགོ་འཛུཌ་གནང་འཆར།
-
2011-06-14 -
-
-
༄༅༎རྒྱ་གར་གྱི་ལུས་སྦྱོང་ཡོའོ་ག་ཐོག་ལ་སྐད་གྲགས་ཅན་གྱི་བྲམ་ཟེ་རཱམ་རྡེལྦ་ཡིས་རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ་ཁོང་གིས་ཟས་བཅད་ངོ་རྒོལ་ལས་འགུལ་བསྐྱར་དུ་འགོ་འཛུཌ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
ཉེ་ཆར་ཁོང་གིས་རྒྱ་གར་དཔོན་རིགས་ཀྱིས་ལྐོག་ཟ་རུང་སུངས་བྱེད་པའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཆེད་དུ་དོན་ཚན་ཁག་ཅིག་བཏོན་ཏེ་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་གནང་རྒྱུའི་དམ་བཅའ་བཞག་ཏེ། ཉིན་མ་བརྒྱད་རིང་ཟས་བཅད་ངོ་རྒོལ་གནང་བའི་རྗེས། རེས་གཟའ་པ་སངས་ཉིན་སྐུ་གཟུགས་གནས་སྟངས་ཀྱིས་རྐྱེན་པས་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་རྡེ་ར་རྡུན་སྨན་ཁང་དུ་བསྐྱལ་དགོས་བྱུང་སྟེ། ད་ཆ་ཁོང་སྨན་ཁང་ནས་ཐོན་ཡོད་པ་དང༌། ཁོང་གིས་རྒྱ་གར་རྒྱལ་ཁབ་དང་དེའི་མི་དམངས་རྣམས་རྨོངས་ཉིད་ལས་བསད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཡོའོ་ག་ལུས་སྦྱོང་ལ་མཁས་པ་དང་སྐད་གྲགས་ཅན་རའམ་རྡེལྦ་ལ་རྒྱ་གར་ནང་དུ་རྗེས་འཇུག་པ་མང་པོ་ཡོད་པ་དང༌། ཁོང་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། ཁྲིམས་འགལ་གྱིས་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཁག་ལ་དངུལ་བརྗེ་བྱེད་པ་དང༌། ཁྲིམས་འགལ་གྱིས་ཕྱི་རྒྱལ་དངུལ་ཁང་ནང་དུ་བཅུག་པའི་དངུལ་རྣམས་རྒྱ་གར་དུ་ལེན་དགོས་པའི་དོན་ཚན་དེ་རྒྱ་གར་གཞུང་གིས་ཁས་ལེན་གནང་དགོས་པའི་འབོད་སྐུལ་གནང་སྟེ། ཁྲིམས་འགལ་གྱི་དངུལ་དེ་རྣམས་རྒྱ་གར་དུ་ཕྱིར་ལོག་བྱུང་ཚེ་རྒྱ་གར་དཔལ་འབྱོར་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།
དེ་རིང་ཁོང་གིས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་གསར་འགོད་པར། ང་ཚོས་ངེས་པར་དུ་ཁྲིམས་འགལ་གྱི་དངུལ་དེ་རྣམས་རྒྱ་གར་དུ་ལེན་ཐབས་བྱ་རྒྱུ་ཡིན་ལ། རྒྱ་གར་མི་དམངས་ཚོ་ཡང་ང་ཚོ་དང་མཉམ་དུ་ལས་དོན་དེའི་ནང་མཉམ་ཞུགས་ཡོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།