བཙན་གཡེམ་བྱེད་མཁན་ཚོར་བཙོན་འཇུག་ལོ་ཚད་འཕར་སྲིད་པ།

རྒྱ་གར་ནང་ན་ཚོད་མ་ལོན་པས་མི་བསད་པ་དང་བཙན་གཡེམ་བྱས་ཚེ་བཙོན་འཇུག་ལོ་ཚད་འཕར་རྒྱུར་མང་མོས་བྱུང་འདུག

རྒྱ་གར་ལྡི་ལིར་བུད་མེད་ལ་བཙན་གཡེམ་ཡང་ཡང་བྱུང་བཞིན་པར་ངོ་རྒོལ། ༢༠༡༢ དྲ་བཤུས།

རྒྱ་གར་ནང་ན་ཚོད་མ་ལོན་པས་མི་བསད་པ་དང་བཙན་གཡེམ་བྱས་ཚེ་བཙོན་འཇུག་ལོ་ཚད་འཕར་རྒྱུར་མང་མོས་བྱུང་འདུག
དེ་ཡང་རྒྱ་གར་གྱི་གྲོས་ཚོགས་གོང་མས་གཞོན་སྐྱེས་ལོ་ན་༡༦ནས་༡༨བར་ཡིན་པ་གང་ཞིག་གིས་མི་བསད་པ་དང་། བེུད་ལ་བཙན་གཡེམ་བྱས་པ་སོགས་ཚབས་ཆེའི་ནག་ཉེས་བསག་མཁན་ཚོར་བཙོན་བཅུག་གི་ལོ་དུས་སྤར་ཆ་གནང་རྒྱུར་མང་མོས་མོས་མཐུན་བྱུང་ཡོད་པ་རེད།
དེ་སྔ་ཕྱི་ལོ་༢༠༡༢ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྨན་པའི་སློབ་སྦྱོང་བྱེད་མཁན་བེུད་སློབ་ཕྲུག་ཞིག་ལ། མི་དྲུག་གིས་བཙན་གཡེམ་བྱས་རྗེས་རྨས་སྐྱོན་ཚབས་ཆེ་ཕོག་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བྱུང་བའི་ནང་ནས་བཙན་གཡེམ་བྱེད་མཁན་ལོ་ན་ཆུང་ཤོས་དེ་ད་ལྟའི་རྒྱ་གར་གྱི་ཁྲིམས་ལུགས་བཞིན། ལོ་གསུམ་ཀྱི་བཙོན་བཅུག་ལོ་དུས་གཙང་ནས་གློད་དཀྲོལ་བཏང་བ་དེར། བེུད་དེའི་ཕ་མ་དང་། རྒྱ་གར་གྱི་བེུད་ཚོགས་པ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན་ཚེས༢༣ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་ཁྲིམས་ཡིག་དེར་འགྱུར་བ་གཏོང་དགོས་མིན་ཐོག་ཉིན་གང་བགྲོ་གླེང་གནང་བའི་རྗེས། མཐའ་མ་མང་མོས་ཐོག་ནས་ཚབས་ཆེའི་ཁྲིམས་འགལ་བྱེད་མཁན་ན་གཞོན་ཚོར་བཙོན་བཅུག་གི་ལོ་དུས་སྤར་རྒྱུར་མོས་མཐུན་བྱུང་འདུག
བགྲོ་གླེང་གནང་སྐབས་ཟུར་ཉན་དུ་འདས་གྲོངས་སུ་ཕྱིན་པའི་སྨན་པའི་སློབ་ཕྲུག་Jyoti singhལགས་ཀྱི་ཕ་མ་ཡང་ཕེབས་ཡོད་པ་དང་། ཨ་མ་Asha Singhལགས་ཀྱིས། ཁོང་གི་བུ་མོར་ཁྲིམས་དྲང་པོ་ཞིག་ཐོབ་མེད་ཀྱང་གྲོས་ཚོགས་གོང་མས་ཚབས་ཆེའི་ཁྲིམས་འགལ་དེ་རིགས་བྱེད་མཁན་ན་ཚོད་མ་ལོན་པའི་གཞོན་སྐྱེས་ཚོའི་བཙོན་བཅུག་ལོ་དུས་སྤར་ཆ་གནང་རྒྱུར་གྲོས་ཆོད་བཞག་ཐུབ་པ་དེར་འདོད་བློ་ཁེངས་པོ་བྱུང་ཞེས་གསུངས་འདུག
ཁྲིམས་འཆར་དེར་གྲོས་ཚོགས་འོག་མའི་རྒྱབ་སྐྱོར་ཐོབ་ཚེ་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཁྲིམས་ཡིག་གཏན་འབེབ་གནང་རྒྱུ་ཡིན་པ་རེད། ཁྲིམས་འཆར་གསར་པ་དེའི་ནང་ མི་བསད་པ་དང་། བཙན་གཡེམ་བྱས་པ་སོགས་རྫབ་ཆེན་གྱི་ཁྲིམས་འགལ་བྱེད་མཁན་ལོ་ན་༡༦ཡན་གྱི་ན་གཞོན་ཚོར་ཁྲིམས་ཁང་ནས་ཉུང་མཐར་ལོ་བདུན་གྱི་བཙོན་བཅུག་བྱ་ཆོག་པའི་སྐོར་ཡིན་འདུག
འདི་ལོ་༢༠༡༥ལོའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལོ་ན་༡༦ཡན་གྱི་ན་གཞོན་ཆིག་སྟོང་ལྷག་གིས་བཙན་གཡེམ་བྱས་པ་སོགས་ཚབས་ཆེའི་ཁྲིམས་འགལ་བྱས་ནས་བཙོན་བཅུག་དོ་དམ་འོག་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org