རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་ཚོད་ལྟ།

ར་ཤེ་ཡ་དང་རྒྱ་གར་གཉིས་ཐུན་མོང་གི་ཐོག་ནས་བཟོ་སྐྲུན་བྱས་པའི་སྦ་ར་མོས་ཞེས་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཡོད་ལུགས།

༄༅༎ར་ཤེ་ཡ་དང་རྒྱ་གར་གཉིས་ཐུན་མོང་གི་ཐོག་ནས་བཟོ་སྐྲུན་བྱས་པའི་སྦ་ར་མོས་ཞེས་པའི་མེ་ཤུགས་འཕུར་མདེལ་དེ་བཞིན་ད་རིང་རེས་གཟའ་ཕུར་བུའི་ཉིན་ཨོ་རི་ས་མངའ་སྡེའི་ས་གནས་ཤིག་ནས་ཚོད་ལྟ་བྱས་ཡོད་ལུགས་འབྲེལ་ཡོད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་སི་ཏན་ཤུ་ ཀར་ནས་གསུངས་ཡོད་འདུག ཁོང་གིས་གསུངས་པར་ལྟར་ན། གོང་ཞུས་མེ་ཤུགས་འཕུར་མདེལ་དེ་ནི་རིའི་འདབས་སུ་དམག་འཁྲུག་སྐབས་བེད་སྤྱོད་བྱེད་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་ཡིན་པ་དང་། ད་རིང་ཚོད་ལྟ་བྱས་པ་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་པ་མ་ཟད་སྔོན་ཚུད་ནས་འབྲེལ་ཡོད་ཁྱིམ་མཚེས་རྒྱལ་ཁབ་ཚོར་བརྡ་ལན་སྤྲད་ཡོད་ལུགས་ཀྱང་གསལ་བཤད་གནང་ཡོད་པ་རེད། མེ་ཤུགས་འཕུར་མདེལ་དེ་བཞིན་སྦ་ར་མོས་ཞེས་མིང་བཏགས་དགོས་དོན་ནི། རྒྱ་གར་གྱི་ཆུ་བོ་སྦར་མ་པུ་ཏར་ཞེས་པའི་མིང་ཕྱེད་ཀ་དང་ མོ་སོ་ཞེས་པ་དེ་ནི་ར་ཤེ་ཡའི་མཉམ་འབྲེལ་གྱི་ཐོག་ནས་བཟོ་བཀོད་བྱས་པ་ཞིག་ཡིན་ཙང་མོ་སོ་ཀོ་རྒྱལ་སའི་མིང་ནས་ཟུང་འབྲེལ་བྱེད་པ་ཞིག་ཡིན་འདུག དེ་རིང་ཚོད་ལྟ་མ་བྱས་པའི་གོང་ཉེ་འཁྲིས་སུ་གནས་སྡོད་ཁྱིམ་ཚང་བཞི་བརྒྱ་ལྷག་ཙམ་ཉེན་སྲུང་གི་ཆེད་ས་གནས་གཞན་དུ་སྔོན་ཚུད་ནས་གནས་སྤོས་བྱས་ཡོད་འདུག

གོང་དུ་ཞུས་པའི་མེ་ཤུགས་འཕུར་མདེལ་དེ་ནི་འགྱངས་ཚད་ཀི་ལོ་མི་ཀྲར་༢༩༠ ཙམ་སྙོབས་ཐུབ་ཀྱི་ཡོད་པ་མ་ཟད་ས་མཚོ་གནམ་གསུམ་ནས་བེད་སྤྱོད་གཏོང་ཐུབ་པའི་ཆ་རྐྱེན་ཡོད་པ་ཞིག་ཀྱང་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org