རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ།
རྒྱ་གར་ནང་གི་ལྐོག་ཟའི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་རྒྱུའི་འཆར་གཞི་གསལ་བསྒྲགས།
-
2011-06-07 -
-
-
༄༅༎རྒྱ་གར་གྱི་སྤྱི་ཚོགས་བདེ་དོན་འཐབ་རྩོད་པ་གྲགས་ཅན་ཨེ་ན་ཧ་ཛ་རེས་གཞུང་གིས་དམ་བསྒྲཌ་བཀག་འགོག་ཡོད་མིན་ལ་མི་ལྟོས་པར་ རྒྱ་གར་ནང་གི་ལྐོག་ཟའི་བྱ་སྤྱོད་དང་ དེ་བཞིན་ཉེ་ཆར་རྒྱ་གར་གཞུང་གིས་ རྒྱ་གར་གྱི་ཡོའོ་གའི་སློབ་དཔོན་ཆེན་མོ་རཱམ་རྡེལྦ་གྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་དྲག་གནོན་བྱས་པ་བཅས་ལ་ངོ་རྒོལ་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་འཛུགས་གནང་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་ཡོད་པ་རེད།
ཨེ་ན་ཧ་ཛ་རེ་དང་ཁོང་གི་རྗེས་འཇུག་པ་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་དེས་ རྒྱ་གར་གཞུང་གི་ཐོག་རྒྱ་གར་གྱི་སྤྱི་ཚོགས་ཀྱི་རིམ་པ་ཡོངས་རྫོགས་ཀྱི་ནང་ལྐོག་ཟའི་གནད་དོན་གྱི་ཁྱབ་ཡོད་པ་དེ་དག་མེད་པ་བཟོ་ཐབས་ཐད་དོན་ཕན་སོན་པའི་ལས་དོན་ལག་བསྟར་བྱེད་དགོས་པའི་གནོན་ཤུགས་འཕར་མ་ཞིག་ཡོང་རྒྱུར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
འདས་པའི་གཟའ་ཉི་མའི་ཉིན། རྒྱ་གར་གྱི་ཡོའོ་གའི་སློབ་དཔོན་ཆེན་མོ་རཱམ་རྡེལྦ་དང་ཁོང་གི་རྗེས་འཇུག་པ་ཁྲི་ཚོ་བརྒལ་བས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་པ་དེའི་ཐོག་རྒྱ་གར་གཞུང་གིས་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་བཏང་སྟེ་བཙན་དབང་གི་ཐོག་ནས་ལས་འགུལ་དེ་མཚམས་འཇོག་བྱེད་བཅུག་པ་དེའི་རྐྱེན་གྱིས་ རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་དང་ གཞུང་འཛིན་ཀོང་རེསའི་ཚོགས་པའི་འགོ་འཁྲིད་ལྕམ་སོ་ནི་ཡ་གེན་རྡིའི་ཐོག་བརྒྱུད་ལམ་ཁག་གི་ནང་སྐྱོན་བརྗོད་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད།
སློབ་དཔོན་རཱམ་རྡེལྦ་ནི་རྒྱ་གར་ཡུལ་མི་ཚོའི་སེམས་ནང་ཧ་ཅང་གི་བློ་ཐག་ཉེ་བའི་སློན་དཔོན་ཞིག་ཡིན་པ་རེད།
རྒྱ་གར་གྱི་སྤྱི་ཚོགས་བདེ་དོན་འཐབ་རྩོད་པ་ཨེ་ན་ཧ་ཛ་རེའི་ཕྱག་རོགས་ཨར་ལྦིན་ཀི་ཇི་རི་ལྦལ་གྱིས་ མཚོན་ཆ་གང་ཡང་མེད་པར་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་འདུ་འཛོམས་བྱ་རྒྱུ་ནི་ཁྲིམས་དང་མཐུན་པ་ཞིག་ཡིན་ལ་། གལ་ཏེ་གཞུང་ཕྱོགས་ནས་ང་ཚོའི་ལས་འགུལ་ཐོག་བཀག་འགོག་བྱེད་ཀྱང་ ང་ཚོས་ལས་འགུལ་དེ་མུ་འཐུད་སྤེལ་རྒྱུ་མ་ཟད་ ང་ཚོ་འཇུ་བཟུང་བྱས་ཀྱང་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་འདུག།