རྒྱ་གར་ནང་ཕྱིའི་ཁེ་གཉེར་ལས་ཁང་འཛུགས་རྒྱུར་ངོ་རྒོལ།
རྒྱ་གར་ནང་བཟའ་བཅའི་ཚོང་མཁོས་ཀྱི་ལས་དོན་ཐོག་ཕྱིའི་ཡུལ་ཁག་གི་ཁེ་གཉེར་ལས་ཁང་ཁག་ཀྱང་འཛུལ་ཞུགས་བྱེད་ཆོག་པར་ངོ་རྒོལ།
-
2011-11-28 -
-
-
༄༅༎རྒྱ་གར་གཞུང་ཕྱོགས་ནས་ཡུལ་གྱི་བཟའ་བཅའི་ཚོང་མཁོས་ཀྱི་ལས་དོན་ཐོག་ཕྱིའི་ཡུལ་ཁག་གི་ཁེ་གཉེར་ལས་ཁང་ཁག་ཀྱང་འཛུལ་ཞུགས་བྱེད་ཆོག་པའི་སྲིད་བྱུས་གསར་པ་དེར་ཡུལ་ནང་ངོ་རྒོལ་གནང་མཁན་མང་དག་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག གོང་ཞུས་རྒྱ་གར་གཞུང་གི་སྲིད་བྱུས་གསར་པ་དེར་མངའ་སྡེ་ཁག་ཅིག་གིས་མངའ་སྡེ་སོ་སོའི་ནང་ཡོད་པའི་བཟའ་བཅའི་ཚོང་པ་ཆུང་ཁག་གི་བདེ་སྡུག་ལ་གཟིགས་ནས་དེར་ངོ་རྒོལ་གནང་གི་ཡོད་པ་རེད་ རྒྱ་གར་དབུས་གཞུང་ཕྱོགས་ཀྱི་ཚོང་གི་སྲིད་བྱུས་གསར་པ་དེར་གྲོས་ཚོགས་ནས་བཀའ་འཁྲོལ་དགོས་ཀྱི་མེད་ནའང་ཕྱི་རྒྱལ་གྱི་ལྦོལ་མའཏ་ཞེས་པ་དང་ཀྲེསི་ཀོ་ཞེས་པའི་ཁེ་གཉེར་ལས་ཁང་ཆེ་ཁག་དེ་དག་གིས་མངའ་སྡེ་ཁག་ནང་ཚོང་ཁང་གསར་པ་འཛུགས་གཉེར་གནང་བ་ཡིན་ན་མངའ་སྡེ་སོ་སོའི་གཞུང་ཕྱོགས་ནས་བཀའ་འཁྲོལ་དགོས་ཀྱི་ཡོད་པ་རེད་ ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་ཁག་ལྔ་ཡིས་ཕྱི་རྒྱལ་གྱི་བཟའ་བཅའི་ཚོང་ཁང་ཁག་མངའ་སྡེའི་ནང་འཛུགས་ཆོག་རྒྱུ་མིན་པའི་ཁས་ལེན་གནང་ཡོད་པ་མ་ཟད་རེས་གཟའ་ཟླ་བའི་ཉིན་དབུས་གཞུང་གི་གྲོས་ཚོགས་ནང་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བྱུང་བ་དང་ལྷག་པར་དུ་ཡུལ་གྱི་དམར་ཤོག་གི་ཚོགས་པ་ཁག་གིས་ཕྱི་ཟླ་ ༡༢ པའི་ཚེས་༡ ནས་བཟུང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ གོང་ཞུས་ངོ་རྒོལ་གྱི་ལས་འགུལ་དེར་གདོང་ལེན་ཆེད་དབུས་གཞུང་ཕྱོགས་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འགོ་འཛུགས་པའི་ནང་གཞུང་ཕྱོགས་ཀྱི་སྲིད་བྱུས་གསར་པ་དེས་ཡུལ་ནང་བཟའ་བཅའི་རིན་གོང་ཆུང་དུ་འགྲོ་རྒྱུ་དང་བཟའ་བཅའ་འབོར་བརླག་འགྲོ་རྒྱུ་དེ་ཉུང་དུ་འགྲོ་རྒྱུ་མ་ཟད་ཡུལ་མི་ས་ཡ་མང་པོར་ལས་ཀའི་ཐོབ་ཐང་ཡོང་རྒྱུའི་དྲིལ་བསྒྲགས་གནང་བཞིན་ཡོད་པ་རེད།