རྒྱ་གར་གྱི་དུས་ཆེན་སྐབས་ཉེན་ཁའི་སྔོན་བརྡར་ལན་འདེབས།

ཕྱི་རྒྱལ་ཡུལ་གྲུ་ཁག་གིས་རྒྱ་གར་ནང་བདེ་འཇགས་ཐོག་ཡིད་གཟབ་དགོས་ལུགས་ཀྱི་སྔོན་བརྡ་བཏང་པར་རྒྱ་གར་གཞུང་གིས་ལན་འདེབས།

༄༅༎ཨ་མི་རི་ཀ་དང་ཡུལ་གྲུ་གཞན་འགའ་ཤས་ཀྱིས་རྒྱ་གར་གྱི་མེ་མཆོད་དུས་ཆེན་ལྡི་ལྦ་ལི་སྐབས་རྒྱ་གར་ཐོག་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་འབྱུང་སྲིད་པས། རང་ཉིད་མི་སེར་རྒྱ་གར་ནང་ཡོད་པ་ཚོས་སོ་སོའི་བདེ་འཇགས་ཐོག་ཡིད་གཟབ་དགོས་ལུགས་ཀྱི་སྔོན་བརྡ་བཏང་པར། རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པས་ཁོང་ཁྲོ་ཆེན་པོས་ལན་འདེབས་བྱས་འདུག།
ཉེ་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་གར་ཐོག་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་སོང་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་གར་གཞུང་ཕྱོགས་ནས་བདེ་འཇགས་རྟོག་ཞིབ་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད་ལ། དེ་བཞིན་རྒྱ་གར་དུ་ཡོང་མཁན་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་ཀྱང་ཡིད་གཟབ་བྱེད་དགོས་པའི་བཀོད་ཁྱབ་བྱས་ཡོད་པ་རེད། འོན་ཀྱང་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཡུལ་བསྐོར་སྤྲོ་འཆམ་ལས་དོན་གྱི་བློན་ཆེན་སུ་སྦོརྡ་ཀནཏ་ས་ཧེ་ཡིས། ཕྱི་རྒྱལ་གྱི་ཡུལ་གྲུ་ཚོས་རྒྱ་གར་ནང་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་འབྱུང་ཉེན་གྱི་སྔོན་བརྡ་བཏང་པ་དེ་དག་ནི། རྒྱ་གར་དུ་ཡོང་མཁན་ཚོར་ཆེད་མངགས་འཇིགས་སྣང་སློང་ཐབས་བྱེད་པ་ཞིག་ཡིན་ལ། དེས་རྒྱ་གར་ནང་དང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་ལས་དོན་དང་འབྲེལ་བའི་ཚོང་པ་ཚོར་གྱོང་གུན་ཆེན་པོ་བཟོ་སྲིད་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།།
ཁོང་གིས་གསར་འགོད་པ་ཚོར་ངས་གནད་དོན་འདིའི་སྐོར་རྒྱ་གར་ཕྱི་སྲིད་ལས་ཁུངས་སུ་འབྲེལ་བ་ཞུས་ཟིན་པ་ཡིན་པས། ཕྱི་སྲིད་ལས་ཁུངས་ནས་ཉེན་ཁའི་སྔོན་བརྡ་བཏང་མཁན་གྱི་རྒྱལ་ཁབ་དེ་དག་གིས། སྔོན་བརྡ་དེ་རིགས་འཕྲལ་དུ་ཕྱིར་བསྡུ་ཡོང་ཐབས་གནང་དགོས་སྐོར་ཡང་ཞུས་ཡོད་ཅེས་གསུངས་འདུག།
རྒྱ་གར་ནང་དུས་ནས་དུས་སུ་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་འབྱུང་གི་ཡོད་ལ། འདི་ལོ་ཕྱི་ཟླ་ ༩ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཆེས་མཐོའི་ཁྲིམས་ཁང་གི་མདུན་འབར་རྫས་གས་ཐོར་བྱུང་སྟེ་མི་གྲངས་ ༡༤ ཙམ་རྐྱེན་ལམ་དུ་སོང་ཡོད་ཀྱང་། ད་བར་འབྲེལ་ཡོད་ལག་དམར་བ་སུ་ཡིན་རྩད་བཅོད་ཀྱང་ཐུབ་མེད་པ་རེད།
རྒྱ་གར་དུ་འགྲོ་མཁན་གྱི་ཡུལ་མི་ཚོས་ཡིད་གཟབ་བྱེད་དགོས་སྐོར་གྱི་སྔོན་བརྡ་བཏང་མཁན་གྱི་ཁོངས་སུ་ ཨ་མི་རི་ཀ་དང་། དབྱིན་ཡུལ། ཀེ་ན་ཌ། ཨའོསི་ཊརེ་ལི་ཡ། ནིའུ་ཛེ་ལེནཌ་སོགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org