རྒྱ་གར་བྱང་ཤར་ཁུལ་དུ་ས་ཡོམ་རྒྱབ་ནས་ཉུང་མཐར་མི་༨་ཤི་བ།
རྒྱ་གར་བྱང་ཤར་ཁུལ་ལ་ཚད་རིམ་༦.༧ཅན་གྱི་ས་ཡོམ་བྱུང་བའི་འགུལ་ཤུགས་བོད་ནང་དུ་ཡང་སླེབས་ཡོད་པ་རེད་འདུག
-
2016-01-04 -
-
-
རྒྱ་གར་བྱང་ཤར་ཁུལ་ལ་ཚད་རིམ་༦.༧ཅན་གྱི་ས་ཡོམ་བྱུང་བའི་འགུལ་ཤུགས་བོད་ནང་དུ་ཡང་སླེབས་ཡོད་པ་རེད་འདུག
དེ་ཡང་རྒྱ་གར་ཀྱི་Business Standardགསར་ཤོག་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཚེས༤ཉིན་གྱི་ཞོགས་པ་ཆུ་ཚོད་༥ཡས་མས་སུ། རྒྱ་གར་བྱང་ཤར་རྒྱུད་ཀྱི་མངའ་སྡེ་ཁག་གཅིག་ནང་། ཚད་རིམ་༦.༧ཅན་གྱི་ས་ཡོམ་བརྒྱབ་ཏེ། ད་བར་ཉུང་མཐར་ཡང་མི་གྲངས་༨་ལྷག་ཤི་བ་དང་། མི་གྲངས་༡༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཁང་རྩེག་མང་པོ་རྡིབ་སྐྱོན་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་ཡིས་གནས་ཚུལ་སྤེལ་དོན། དེ་རིང་རྒྱ་གར་ལ་ས་ཡོམ་རྒྱབ་པ་དེ་འབར་མ་དང་། བྷང་ལ་རྡེ་ཤེ། འབྲུག་ཡུལ་སོགས་དང་འབྲེལ་བའི་མ་ཚད། བོད་ཀྱི་ལྷ་ས་དང་། ཀོང་པོ། ཆབ་མདོ། ལྷོ་ཁ་ལ་སོགས་པའི་ས་ཁུལ་ཁག་ཅིག་ནང་དུའང་འགུལ་ཤུགས་སླེབས་སྟེ། ས་གནས་དེ་དག་གི་ནང་གནས་པའི་ཡུལ་མི་ཚོས་ས་འགུལ་རྒྱབ་པའི་ཚོར་བ་ཏོག་ཙམ་བྱུང་བ་ལས་ས་གནས་སུ་གོད་ཆག་བྱུང་ཡོད་མེད་དང་། ད་ལྟའི་ཆར་བོད་ནང་དུ་མི་སྣ་རྐྱེན་འདས་སུ་ཕྱིན་ཡོད་མེད་ཐད་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མི་འདུག
ཨ་རིའི་ས་ཡོམ་རྟོག་ཞིབ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་ཡོམ་གྱི་ཤུགས་རྐྱེན་བོད་ལྗོངས་ཀྱི་ཉིང་ཁྲི་དང་། ལྷོ་ཁ། ཆབ་མདོ། ལྷ་ས་སོགས་སུ་ཐེབས་ཡོད་འདུག་ཀྱང་། ད་སྔ་མི་རྒྱུར་གནོད་འཚེ་ཕོག་ཡོད་མེད་ཤེས་རྟོགས་བྱུང་མེད་པ་རེད།
གསར་འགོད་པ་དབྱངས་སྒྲོན་དང་ཀླུ་འབུམ།