རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་ཐད་འཕུར་གནམ་གྲུའི་འབབ་ཚུགས་གསར་རྒྱག་བྱས་པར་རྒྱ་གར་ལ་བློ་ཚབས་སྐྱེས་གཞིར་གྱུར་འདུག

རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་ཉེ་ཁུལ་དུ་འཁེལ་བའི་བོད་ཀྱི་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་ཐད་འཕུར་གནམ་གྲུའི་འབབ་ཚུགས་གསར་རྒྱག་བྱས་པ་དེས་རྒྱ་གར་ལ་བློ་ཚབས་སྐྱེས་གཞིར་གྱུར་འདུག

རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་ཐད་འཕུར་གནམ་གྲུ་འབབ་ཚུགས་གསར་རྒྱག་བྱས་ཡོད་པའི་པར་རིས། Planet Labs Aug. 1, 2024 image; annotation by RFA based on analysis by Damien Symon via X

རྒྱ་ནག་གཞུང་གིས་བོད་ཀྱི་ཀོང་པོ་ཉིང་ཁྲིའི་རྫ་ཡུ་ཞེས་པའི་ས་གནས་སུ་ཐད་འཕུར་གནམ་གྲུའི་འབབ་ཚུགས་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༡༢ མཇུག་ཙམ་ནས་གསར་རྒྱག་བྱས་ཏེ་ཉེ་ཆར་ནས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་འདུག་པ་དང་། མངའ་ཁུལ་དེ་ནི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་སྤྱི་ལེ་ ༢༠ ཙམ་གྱི་རྒྱང་ཐག་ལས་མེད་པ་དང་། ས་ཁུལ་དེ་བཀོད་དབྱིབས་ཀྱི་ཆ་ནས་ཉའི་མཇུག་མ་ཞེས་འབོད་ཀྱི་ཡོད་པ་ཞིག་ཡིན་འདུག་ལ་གནས་ཚུལ་དེས་རྒྱ་གར་ལ་བློ་འཚབ་སྐྱེས་གཞི་ཞིག་ཆགས་ཡོད་པ་ཨ་རིའི་མཁའ་དབྱིངས་སྲུང་སྐར་དང་གཞན་ཡང་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་བའི་བརྙན་པར་ཁག་ལས་ཤེས་རྟོགས་བྱུང་ཡོད་འདུག

གནད་དོན་འདིའི་ཐད་རྒྱ་གར་གྱི་དམག་སྤྱི་ (Dr Ashok Kumar)་ལགས་ཀྱིས། དེ་ནི་རྒྱ་གར་ལ་བློ་འཚབ་བྱེད་དགོས་པ་གང་ཞིག་ལ་དེར་གཞིགས་པས་ང་ཚོའི་ངོས་ནས་ཀྱང་གདོང་ལེན་བྱེད་རྒྱུར་འཛུགས་སྐྲུན་ལས་གཞི་སྤེལ་ཏེ་གྲ་སྒྲིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དགོངས་ཚུལ་གསུངས་ཡོད་འདུག
ཡང་རྒྱ་གར་ནང་གི་ཉམས་ཞིབ་བསྟི་གནས་ཁང་གི་ས་མཚམས་དང་རྒྱལ་སྲུང་གནད་དོན་ཉམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་རྒྱབ་པའི་ཐད་འཕུར་གནམ་གྲུ་འབབ་ཚུགས་དེ་ནི་དམག་དོན་ཆེད་དུ་ཡིན་ནམ། ཡང་ན་ཡུལ་བསྐོར་བའི་ཆེད་དུ་ཡིན་པ་སོགས་ཤེས་རྟོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་དང་། སྤྱིར་བོད་ཀྱི་ས་མཚམས་སུ་རི་མཐོ་གཡང་གཟར་བཅས་ལ་བརྟེན་གནམ་ཐང་རྒྱག་རྒྱུ་ཁག་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༣༥ བར་དུ་བོད་ཀྱི་ས་མཚམས་སུ་དམག་དོན་ཆེད་དུ་ཐད་འཕུར་གནམ་གྲུ་འབབ་ཚུགས་ ༥༩ ཙམ་གསར་རྒྱག་བྱེད་འཆར་ཡོད་པ་དང་། གཞན་གནམ་གྲུ་འབབ་ཚུགས་དང་གནམ་གྲུ་བཟོ་བཅོས་བྱེད་ས་བཅས་ ༢༠༠ ལྷག་འཛུགས་འཆར་ཡོད་པ་རེད་ཅེས་གསུངས་བྱུང་། ཁོང་གིས་ད་དུང་། ད་ཪེས་རྒྱ་ནག་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་རྒྱང་ཐག་སྤྱི་ལེ་ ༢༠ མཚམས་སུ་གནམ་གྲུ་འབབ་ཚུགས་བཙུགས་པ་ནི་རྒྱ་གར་ལ་ཉེན་ཚབས་ཆེན་པོ་ཡིན་ན་ཡང་དེ་ལས་ལྷག་པའི་གནད་འགག་ཆེ་བ་གཅིག་ནི་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ནང་དམག་གི་རྟེན་གཞི་མང་པོ་འཛུགས་བཞིན་པ་དེ་རེད་ཅེས་བརྗོད་བྱུང་།
སྤྱིར་བཏང་འདས་པའི་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་ནས་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་ཡོད་མུས་དང་། དེའི་ཐོག་གྲོས་མོལ་རིམ་པ་མང་དག་ཅིག་གནང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད། འོན་ཀྱང་ཉེ་ཆར་ཚེས་ ༡༢ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་མཆོག་གིས། ཡུལ་གཉིས་བར་དཀའ་རྙོག་རྣམས་སེལ་ཐབས་སུ་མགྱོགས་ཙམ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གཉིས་མོས་བྱུང་སོང་ཞེས་གསུངས་ཡོད་པ་རེད་ཅེས་བཀོད་འདུག འོན་ཀྱང་རྒྱ་ནག་གི་ཕྱོགས་ནས་ས་མཚམས་སུ་འདི་ལྟ་བུའི་གནམ་ཐང་གསར་རྒྱག་གི་ལས་གཞི་སྤེལ་བ་དེར་རང་བཞིན་གྱི་རྒྱ་གར་གཞུང་གིས་དྭོགས་ཟོན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ལུགས་བཀོད་འདུག
དེ་སྔ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་གོང་། ལོ་རྒྱུས་ཐོག་བོད་དང་རྒྱ་གར་བར་འཕགས་བོད་ས་མཚམས་ཡོད་པ་མ་གཏོགས་རྒྱ་གར་དང་རྒྱ་ནག་བར་ས་མཚམས་མེད་པས། ཉེ་ལམ་ཟླ་༧ ཚེས་༣༠ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་། རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་རྡོ་རྗེ་ཚེ་རིང་(Dorjee Tshering Lepcha)ལགས་ཀྱིས། རྒྱ་གར་དབུས་གཞུང་ལ་དབྱིན་སྐད་དུ་(LAC) ཞེས་པའི་རྒྱ་དཀར་ནག་གཉིས་བར་གྱི་དངོས་གཞི་སྟངས་འཛིན་གྱི་ས་ཐིག་ལ་རྒྱ་ནག་གི་ས་མཚམས་ཞེས་མི་འབོད་པར། ཐ་སྙད་དེར་བཟོ་བཅོས་རྒྱབ་ནས་བོད་ཀྱི་ས་མཚམས་ཞེས་གཞུང་འབྲེལ་གྱི་ཐོག་ནས་འབོད་དགོས་པ་འབོད་སྐུལ་ཞུས་ཡོད་པ་རེད།
ཕྱི་ལོ་༢༠༢༠ ལོར་ལ་དྭགས་དང་བོད་ཀྱི་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་རྩོད་ཤོར་ནས་རྒྱ་གར་ཕྱོགས་ཀྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་བ་དང་། རྒྱ་ནག་གི་ཕྱོགས་ནས་ཉུང་མཐའ་མི་གྲངས་༤ ཡི་ཚེ་སྲོག་ཤོར་ཡོད་པར་བརྟེན། ཡུལ་གཉིས་བར་མཐའ་མཚམས་གནས་སྟངས་ཐད་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ལོ་འདིའི་ཕྱི་ཟླ་༧ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་དང་རྒྱ་ནག་གཉིས་བར་རྒྱ་དཀར་ནག་གི་མཐའ་མཚམས་གནད་དོན་སྐོར་གྲོས་མོལ་ཐེངས་ ༣༠ པ་ཚོགས་ཡོད་པ་དང་། གྲོས་མོལ་དེ་ནི་གཏིང་ཟབ་པོ་དང་ཕན་ཐོགས་ལྡན་པ། མ་འོངས་པར་དམིགས་པ་ཞིག་བྱུང་ཡོད་ཅེས་གསུངས་པ་མ་ཟད། ཕྱོགས་གཉིས་ཀས་སྔར་ཡོད་ཀྱི་ཕྱི་འབྲེལ་ཐབས་བྱུས་དང་དམག་དོན་གྱི་བརྒྱུད་ལམ་བརྒྱུད་དེ་འབྲེལ་བ་མུ་མཐུད་དུ་གནས་རྒྱུར་མོས་མཐུན་བྱུང་ཡོད་པ་གསར་ལམ་ཁག་ནང་གནས་ཚུལ་ཐོན་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org