རྒྱ་གར་ཨ་སམ་མངའ་སྡེ་ནང་བྱ་ནད་ཀྱི་གནོད་འཚེ་ཕོག་ཡོད་པ།

རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་ནང་ཉེ་ལམ་བྱ་ནད་འཕེལ་ཏེ་མི་མང་ཁྱོན་བསྡོམས་འབུམ་གསུམ་ཙམ་ལ་ནད་དེ་ཡིས་གནོད་འཚེ་ཕོག་ཡོད་པ་རེད།

༄༅༎རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་ནང་ཉེ་ལམ་བྱ་ནད་འཕེལ་ཏེ་མི་མང་ཁྱོན་བསྡོམས་འབུམ་གསུམ་ཙམ་ལ་ནད་དེ་ཡིས་གནོད་འཚེ་ཕོག་ཡོད་པ་རེད། བྱ་ཏེའི་ནད་ཡམ་དེ་བཞིན་རྩ་མེད་བཟོ་ཐབས་སླད་དུ་མངའ་སྡེའི་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས་མངའ་སྡེའི་ཁྱོན་ཡོངས་ནང་སྨན་པ་དང་སྨན་ཞབས་པ་སོགས་ལས་གྲུབ་པའི་བལྟ་ཞིབ་རུ་ཁག་ཁག་ལྔ་ཙམ་གྱིས་ཁང་པ་རེ་རེ་བཞིན་དུ་བསྐྱོད་དེ་བྱ་ནད་ཕོག་ཡོད་མེད་ཀྱི་རྟགས་མཚན་བརྟག་ཞིབ་བྱེད་བཞིན་པ་རེད། དེ་བཞིན་མངའ་སྡེའི་ཁྱོན་ལ་སེམས་ཅན་གྱི་སྨན་པ་ཚོས་བྱ་ནད་ཕོག་པ་དང་བྱ་ནད་མ་ཕོག་པའི་བྱ་ཏེའི་རིགས་དབྱེ་འབྱེད་ཀྱིས་ཁ་ཕྲལ་གཏོང་དགོས་ཞེས་ཡོངས་ཁྱབ་བཀོད་རྒྱ་གཏོང་བཞིན་པ་དང་ཆབས་ཅིག་ད་ལྟའི་ཆར་བྱ་ནད་ཕོག་པའི་བྱ་ཏེ་ཁྱོན་བསྡོམས་ཉིས་འབུམ་ལྔ་ཁྲི་བརྒལ་པ་བསད་ཚར་བ་ཡིན་རུང་ད་དུང་བྱ་ནད་ཕོག་པའི་བྱ་ཏེ་འཕར་མ་ཁྱོན་བསྡོམས་ཆིག་འབུམ་ལྔ་ཁྲི་ཙམ་ཞིག་གསད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཨ་སམ་མངའ་སྡེའི་གཞུང་གི་འཕྲོད་བསྟེན་བློན་ཆེན་ཧི་མན་ཏ་སྦིསི་ལྦ་ཡིས་གསུངས་དོན་ལྟར་ན་བྱ་ནད་ཕོག་པའི་བྱ་ཏེ་རྣམས་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུར་བྱ་ཏེ་རེ་རེར་རིན་པ་སྤྲད་པའི་མཚོན་དོན་དུ་ཨ་མི་རི་ཀའི་ཌོ་ལར་རེ་རེ་ཙམ་ཞིག་སྤྲོད་ཀྱི་ཡོད་ནའང་ཉམ་ཐག་དབུལ་ཞིང་ཕོངས་པའི་ཞིང་པ་ཚོས་བྱ་ནད་ཕོག་པའི་བྱ་ཏེའི་རིགས་མངའ་སྡེའི་གཞུང་གི་འཕྲོད་བསྟེན་ལས་ཁུངས་ལ་རྩོས་སྤྲོད་བྱ་རྒྱུར་ལས་སླ་པོར་ཁས་ལེན་བྱེད་ཀྱི་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org