རྒྱ་གར་ནང་ལྐོག་ཟའི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ།
ལྐོག་ཟའི་བྱ་སྤྱོད་མེད་པ་བཟོ་རྒྱུར་ལས་འགུལ་སྤེལ་མཁན་སྐུ་ཞབས་ཨ་ན་ཧ་ཛ་རེས་སླར་ཡང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས།
-
2011-12-27 -
-
-
༄༅༎རྒྱ་གར་ནང་གི་ལྐོག་ཟའི་བྱ་སྤྱོད་མེད་པ་བཟོ་རྒྱུར་ལས་འགུལ་ཤུགས་ཆེ་སྤེལ་མཁན་སྐུ་ཞབས་ཨ་ན་ཧ་ཛ་རེས་གཟའ་མིག་དམར་ནས་སླར་ཡང་ཉིན་གྲངས་གསུམ་རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་གནང་འདུག།
ཁོང་ནས་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་ ༡༢ ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ རྒྱ་གར་གྲོས་ཚོགས་ནང་བགྲོ་གླེང་གནང་རྒྱུའི་ལྐོག་ཟ་ལས་དོན་འགོག་ཐབས་ཀྱི་ཁྲིམས་ཡིག་གི་བརྗོད་ཚིག་ནུས་པ་ཆེ་རུ་བཏང་ཐུབ་པའི་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་རེད། ཁོང་གཟའ་མིག་དམར་ཉིན་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་བྷཡི་རུ་ཕེབས་འབྱོར་སྐབས་ མི་སྟོང་ཚོ་འགའ་ཤས་ཀྱིས་དགའ་བསུ་ཞུས་ཡོད་ན་ཡང་ ལས་འགུལ་གོ་སྒྲིག་པ་ཚོས་ཚོད་དཔག་བྱེད་པ་ལྟར་གྱི་མི་འབོར་ཆེན་པོ་འདུ་འཛོམས་བྱུང་མེད་པའི་ཁར་ ད་དུང ལག་ཏུ་དར་ཆ་ནག་པོ་འཁྱེར་སྟེ་ཁོང་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་འདུག།
སྐུ་ཞབས་ཨ་ན་ཧ་ཛ་རེས་ཐེངས་འདིའི་ཉིན་གསུམ་རིང་གི་ཟས་བཅད་ངོ་རྒོལ་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ རྒྱ་གར་གྱི་གྲོས་ཚོགས་ནང་ལྐོག་ཟའི་ལས་དོན་འགོག་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་བརྗོད་ཚིག་ཁག་ཟབ་ཏུ་གཏོང་ཐབས་ཆེད་ཡིན་ཞིང༌། ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱ་གར་གྲོས་ཚོགས་ནང་དམིགས་བསལ་གྲོས་ཚོགས་ཀྱི་ཚོགས་མཐུན་གྱི་ཐོག་ནས་བགྲོ་གླེང་བྱེད་བཞིན་པའི་ ལྐོག་ཟ་འགོག་ཐབས་ཀྱི་ཁྲིམས་ཡིག་གྲོས་གཞི་དེ་ནི་ ལྐོག་ཟ་ཁྱོན་ཡོངས་ནས་འགོག་ཐབས་ཀྱི་ནུས་པ་འདེངས་ངེས་མེད་པ་བརྗོད་བཞིན་ཡོད་པ་རེད།
ཡང་དེ་དང་ཕྱོགས་མཚུངས་རྒྱ་གར་གྱི་གྲོས་ཚོགས་ནང་ ད་ཡོད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱ་རྒྱུར་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ དེ་རིང་རྒྱ་གར་གྱི་གྲོས་ཚོགས་ནང་ འཕྲིན་གཏོང་བློན་ཆེན་ ཀ་པིལ་ སི་བྷཱལ་གྱིས་ གལ་ཏེ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ལྐོག་ཟ་འགོག་ཐབས་ཀྱི་ཁྲིམས་ཡིག་དེ་གཏན་འབེབས་མ་གནང་ཚེ་ རྒྱ་གར་མི་དམངས་ཀྱིས་དུས་ནམ་ཡང་ཡན་པོར་འཇོག་གི་མ་རེད་ཅེས་ཉེན་བརྡ་ཡང་བཏང་གནང་ཡོད་པ་རེད།