ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ།

རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་ཐབས་ཆེད་དམིགས་པའི་ཆེས་མཐོའི་གྲོས་མོལ་ལྷན་ཚོགས་ཤིག་གནང་རྒྱུའི་སྐོར།

༄༅༎རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་ཐབས་ཆེད་དམིགས་པའི་ཆེས་མཐོའི་གྲོས་མོལ་ལྷན་ཚོགས་ཤིག་གཟའ་ལྷག་པ་དང་ཕུར་བུ་ཉིན་གྲངས་གཉིས་རིང་ཨ་མི་རི་ཀའི་རྒྱལ་སར་གནང་རྒྱུ་ཡིན་ཞིང་ གཞི་རྐང་རྒྱ་གར་དང་ཨ་མི་རི་ཀའི་དབར་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་ན་ཡང་ཕན་ཚུན་དབར་ད་དུང་ཡང་དོགས་པ་རྣམ་རྟོག་ཤུགས་ཆེ་ཡོད་མུས་ཡིན་པ་རེད།

གྲོས་མོལ་གྱི་ཚོགས་འདུ་དེའི་སྐབས་རྒྱ་གར་གྱི་ངོས་ནས་ཨ་མི་རི་ཀས་པ་ཀིསི་ཐན་ལ་འབྲེལ་ལམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནད་དོན་ཐད་གཙོ་བོ་དྭོགས་དཔྱོད་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་དང་ ཡང་ཨ་མི་རི་ཀའི་ངོས་ནས་རྒྱ་གར་གྱི་ཁྲོམ་རྭ་ཆེན་པོ་དེའི་ནང་ཨ་མི་རི་ཀའི་ཁེ་གཉེར་ལས་ཁང་ཁག་གིས་གཙོ་བོ་ནུས་ཤུགས་དང་ ཚོང་རྭ་ དེ་བཞིན་ཤེས་ཡོན་གྱི་ཚན་པ་ཁག་གི་ནང་ཚོང་ལས་སྤེལ་ཐབས་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག།

ཡུལ་གྲུ་གཉིས་དབར་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་གནང་རྒྱུའི་གྲོས་མོལ་གྱི་ཚོགས་འདུ་དེའི་སྐབས་ ཨ་མི་རི་ཀའི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཊེན་ནས་གནང་རྒྱུ་ཡིན་ཞིང་ རྒྱ་གར་གྱི་ཕྱོགས་ནས་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ནས་སྣེ་འཁྲིད་གནང་རྒྱུ་ཡིན་འདུག།

ཨ་མི་རི་ཀའི་སྲིད་འཛིན་ཇོརཇ་བུཤ་སྐབས་རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་ཧ་ཅང་བཟང་དུ་ཕྱིན་ཡོད་པ་དང་ ད་ལྟའི་སྲིད་འཛིན་ཨོ་བྷ་མའི་གཞུང་གི་ངོས་ནས་ཀྱང་རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དེ་ཕྱི་སྲིད་ལས་དོན་གྱི་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅིང་ ཨོ་སྦ་མ་སྲིད་འཛིན་གནང་རྗེས་རྒྱལ་ཁབ་ཀྱི་སྐུ་མགྲོན་དང་པོ་དེར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་གདན་ཞུ་གནང་ཡོད་ལ་ སྲིད་འཛིན་ཨོ་སྦ་མ་མཆོག་ལོ་འདིའི་ལོ་མཇུག་ཏུ་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་རོ་སྦ་ཀྲི་སྦེ་ལེཀ་ཡིས་རྒྱ་གར་ནི་མང་གཙོའི་ཡུལ་གྲུ་ཆེ་ཤོས་དེ་ཡིན་པར་མ་ཟད་ འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་མྱུར་ཤོས་འགྲོ་མཁན་གྱི་ཡུལ་གྲུ་གཉིས་དེ་ཡང་ཡིན་པ་དང་ ལྷག་པར་དུ་རྒྱ་གར་ནི་གོ་ལའི་ཐོུང་གི་དཀའ་རྙོག་མང་དག་ཞིག་ལ་གདོང་ལེན་བྱ་རྒྱུར་ཨ་མི་རི་ཀ་དང་མཉམ་ལས་གནང་མཁན་ཞིག་ཀྱང་ཡིན་པས་ རྒྱ་གར་ནི་ཨ་མི་རི་ཀ་དང་གནད་འགག་ཆགས་པའི་ཡུལ་གྲུ་གལ་ཆེ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org