རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀྱི་གྲོས་མོལ་སྐོར།
རྒྱ་གར་དང་པ་ཀི་སི་ཏན་ཡུལ་གྲུ་གཉིས་བར་ཐེངས་དང་པོའི་གཞུང་འབྲེལ་གྱི་གྲོས་མོལ་འགོ་བཙུགས་གནང་རྒྱུ་ཡིན་པའི་སྐོར།
-
2010-02-12 -
-
-
༄༅༎ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༥ཉིན་རྒྱ་གར་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེའི་དོན་རྐྱེན་བྱུང་བ་ནས་ལོ་གཉིས་འཁོར་བའི་ཉིན་མོ་དེར་རྒྱ་གར་དང་པ་ཀི་སི་ཏན་ཡུལ་གྲུ་གཉིས་བར་ཐེངས་དང་པོའི་གཞུང་འབྲེལ་གྱི་གྲོས་མོལ་འགོ་བཙུགས་གནང་རྒྱུ་ཡིན་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་པ་ཀི་སི་ཏན་གཞུང་གིས་གསུངས་ཡོད་པ་རེད།
དེ་ཡང་པ་ཀི་སི་ཏན་གཞུང་གིས་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང། ཡུལ་གྲུ་གཉིས་བར་གྱི་ཕྱི་སྲིད་དྲུང་ཆེ་རིམ་པའི་གྲོས་མོལ་དེ་ནི། ཟླ་བ་གཉིས་པའི་ཚེས་༢༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་ཐག་གཅོད་བྱུང་ལུགས་དང། ད་དུང་ད་རེས་ཀྱི་གྲོས་མོལ་དེའི་སྐབས། པ་ཀི་སི་ཏན་ཕྱོགས་ནས་གལ་ཆེའི་གནད་དོན་ཁག་ཅིག་གླེང་སློང་བྱེད་རྒྱུ་མ་ཟད། ཉེ་ཆར་རྒྱ་གར་ཕྱོགས་ནས་ཡུལ་གྲུ་གཉིས་བར་གྱི་ཞི་བའི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་ཡོད་པའི་རེ་འདུན་གནང་བའི་གནད་དོན་ཐད་གླེང་སློང་གནང་རྒྱུ་ཡིན་ཟེར་བཀོད་ཡོད་ཅིང། ཡིན་ནའང་རྒྱ་གར་གཞུང་ཕྱོགས་ནས་ད་རིང་བར་ཕྱི་སྲིད་དྲུག་ཆེ་རིམ་པའི་གྲོས་མོལ་འགོ་བཙུགས་བྱ་རྒྱུའི་པ་ཀི་སི་ཏན་གྱི་ངོས་ནས་གསལ་བསྒྲགས་བྱས་པ་དེ་དངོས་བདེན་ཡིན་མིན་གྱི་གནས་ཚུལ་གང་ཡང་གསལ་བསྒྲགས་གནང་མེད་པ་རེད། ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༢་པའི་ཚེས་༢༥ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ། རྒྱ་གར་གཞུང་གིས་གཏོར་རྒོལ་གྱི་བྱེད་གཏེ་པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་དྲག་སྤྱོད་ཚོགས་པ་ཡིན་པ་དང། དྲག་སྤྱོད་ཚོགས་པ་དེར་པ་ཀི་སི་ཏན་གཞུང་གིས་ཡ་ལན་གྱི་བྱ་ཐབས་ཤིག་ལག་བསྟར་བྱེད་དགོས་པའི་དགོས་འདུན་བཏོན་ཏེ། ད་བར་ལོ་གཉིས་རིང་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་བར་མཚམས་ཆད་པའི་རྗེས་གཟའ་འཁོར་སྔོན་མ་དེར་རྒྱ་གར་གཞུང་ཕྱོགས་ནས་པ་ཀི་སི་ཏན་ལ་ཡུལ་གྲུ་གཉིས་ཀྱི་ཞི་བའི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་རེ་འདུན་བཏོན་པ་དེ་ནི། དགའ་བསུ་ཞུ་འོས་པའི་གལ་ཆེའི་གྲུབ་འབྲས་ཤིག་ཡིན་པ་ངོས་འཛིན་བྱས་པ་མ་ཟད། ད་རེས་པ་ཀི་སི་ཏན་གྱི་སྲིད་བློན་དང། ཕྱི་སྲིད་བློན་ཆེན་རྣམ་གཉིས་ཕན་ཚུན་བཀའ་བསྡུར་གནང་བའི་རྗེས་པ་ཀི་སི་ཏན་གཞུང་གིས་ཡུལ་གྲུ་གཉིས་ཀྱི་གྲོས་མོལ་དུས་ཚོད་གཏན་འཁེལ་གསལ་བསྒྲགས་གནང་བ་ཞིག་ཡིན་པ་རེད།