རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་གྲོས་སྐོར།
རྒྱ་གར་དང་པ་ཀི་སི་ཏན་དབར་རྩོད་གཞི་ཡོད་པའི་ཀཤི་མིར་ས་ཁུལ་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་འགན་འཁྲི་ཡོད།
-
2011-07-27 -
-
-
༄༅༎དེ་རིང་རྒྱ་གར་དང་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་གཉིས་པོས། རྒྱལ་ཁབ་གཉིས་དབར་ས་ཆའི་བདག་དབང་གི་རྩོད་གཞི་ཡོད་པའི་ཀཤི་མིར་ས་ཁུལ་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་རྒྱལ་ཁབ་གཉིས་ཀར་འགན་འཁྲི་ཆེན་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་དང་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་ཧི་ན་རབ་ན་ནི་ཁའར་རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཁབ་གཉིས་ཕན་ཚུན་དབར་ཡིད་ཆེས་སྐྲུན་ཐབས་ཀྱི་བཀའ་མོལ་གནང་བཞིན་ཡོད་པ་དང༌། དེའི་ནང་དུ་ཚོང་ལས་ཀྱི་ཁེ་འབབ་ཆག་ཡང་གཏོང་ཕྱོགས་དང༌། རྩོད་གཞིར་གནས་པའི་ཀཤི་མིར་ས་ཁོངས་ཐོག་མེ་འཕེན་མཚམས་འཇོག་བྱེད་ཡུལ་དུ་འགྲིམས་འགྲུལ་བཀག་འགོག་བྱས་པ་སྒོ་མོ་འབྱེད་རྒྱུའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་ལྕམ་ཁའར་ཡིས། ང་ཚོ་འདིར་རྒྱ་གར་དུ་སྣང་ཚུལ་དང་མཐོང་་སྣང་བཟང་པོ་ཞིག་གི་ཐོག་ནས་བཀའ་མོལ་གནང་བར་ཡོང་བ་ཡིན། ང་ཚོ་ཕྱོགས་གཉིས་པོའི་ངོས་ནས། འདས་ཟིན་པའི་དུས་ཚོད་ནང་གནས་ཚུལ་གང་ཡིན་ཐག་གཅོད་མ་ཐུབ་པར་ལུས་པ་དེ་ཡིས་རྒྱལ་ཁབ་གཉིས་པོར་ད་ལྟ་དཀའ་ངལ་འཕྲད་བཞིན་ཡོད་པ་ངོས་འཛིན་ཐུབ་པའི་སྐོར་གསུང་ཡོད་པ་རེད།
རྒྱ་གར་དང་པ་ཀི་སི་ཏན་གཉིས་པོ་དེ་སྔ་༡༩༤༧ ལོར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྗེས། དམག་འཁྲུག་ཐེངས་གསུམ་རྒྱབ་མྱོང་ཡོད་པའི་ནང་ནས་གཉིས་ནི། ཀཤི་མིར་ས་ཆའི་བདག་དབང་གི་ཐོག་ལ་དམག་འཁྲུག་རྒྱབ་ཡོད་པ་དང༌། ལོ་མང་པོའི་རྗེས་ལ་རྒྱ་གར་དང་པ་ཀི་སི་ཏན་བར་ཞི་བའི་གྲོས་མོལ་གྱི་ལས་དོན་ཞིག་འགོ་ཚུཌ་ཐུབ་པ་བྱུང་ཡོད་ཀྱང༌། ༢༠༠༨ ལོར་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ནང་པ་ཀི་སི་ཏན་ནང་རྟེན་གཞི་བྱེད་པའི་དྲག་འཐབ་ཤོག་ཁག་གིས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་ཁྱོན་མི་༡༦༦ རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་བྱུང་བའི་རྗེས། རྒྱལ་ཁབ་གཉིས་པོའི་ཞི་བའི་གྲོས་མོལ་བར་མཚམས་ཆད་པ་དང༌། འོན་ཀྱང་ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད་པ་རེད།