དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུར་དགོངས་བཞེས་བཟང་པོ་གནང་གི་ཡོད་པ།
རྒྱ་གར་གཞུང་གིས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་རྒྱལ་ནས་རྒྱ་གར་ཕྱིར་ཕེབས་གནང་རྒྱུར་དགོངས་བཞེས་བཟང་པོ་གནང་གི་ཡོད་ལུགས་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསར་འགོད་ལྷན་ཚོགས་སུ་གསུངས་གནང་འདུག
- 2021-08-14
-
-
-
Your browser doesn’t support HTML5 audio
རྒྱར་གར་གྱི་ཧིན་རྡུསི་ཏན་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན།འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིངྒ་རྟ་མང་(Prem Singh Tamang) མཆོག་གིས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་གསར་འགོད་ལྷན་ཚོགས་ཤིག་གི་སར་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕེབས་ཐུབ་པའི་བཟང་ཕྱོགས་བསྒྱུར་བ་ཡོད་ལུགས་གསུངས་གནང་ཡོད་པ་དང་། འབྲས་ལྗོངས་མངའ་སྡེའི་ཆོས་དོན་བློན་ཆེན་བསོད་ནམས་བླ་མ་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཆེད་གཏོང་གནང་སྟེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་གདན་ཞུ་བྱ་རྒྱུ་ཡིན་སྐོར་གསུངས་གནང་འདུག བློན་ཆེན་པེ་རིམ་སིངྒ་མཆོག་གི་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་དེ་བཞིན་རྒྱ་གར་དབུས་གཞུང་གི་སྲིད་བློན་ནྭ་རནྡར་མོ་དྷི་མཆོག་མཇལ་འཕྲད་གནང་རྗེས་གསུངས་པ་ཞིག་ཡིན་པ་རེད།
དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལོ་༢༠༡༧ལོར་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་རྗེས་རྒྱ་གར་དུ་ཕྱིར་ཕེབས་གནང་མེད་ཅིང་། དེ་སྔ་རྒྱ་གར་དུ་རྡ་རམ་སའི་ཉེ་འཁྲིས་རྒྱུད་སྟོད་ར་མོ་ཆེ་དགོན་པ་རུ་བཞུགས་གནང་ཡོད་པ་རེད། རྩ་བའི་ཀམ་ཚང་བཀའ་བརྒྱུད་ཀྱི་བསྟི་གནས་ནི། སྒང་ཏོག་རུམ་སྟེགས་མཚུར་ཕུ་དགོན་པ་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རེང་། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།