བོད་ནས་ཐོན་པའི་པར་དང་གནས་ཚུལ་གསར་པ་ཁག་ཅིག་སྐོར།
བོད་ནས་ཐོན་པའི་པར་དང་གནས་ཚུལ་གསར་པ་ཁག་ཅིག་གི་ནང་རྒྱ་ནག་གིས་ད་དུང་བོད་མི་ཚོའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པ་རེད།
-
2008-11-01 -
-
-
༄༅༎བོད་ནས་ཐོན་པའི་པར་དང་གནས་ཚུལ་གསར་པ་ཁག་ཅིག་གི་ནང་རྒྱ་ནག་གིས་ད་དུང་བོད་མི་ཚོའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་དང་བོད་མཐོ་སྒང་དུ་ཡོད་པའི་གཞིས་ལུས་བོད་མི་ཚོ་འཇིགས་སྣང་དང་དྲག་རྩུབ་ཆེན་པོའི་ཁོར་ཡུག་འོག་གནས་མུས་ཡིན་པ་གསལ་བཏོན་ར་འཕྲོད་བྱུང་བཞིན་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཞིག་སྤེལ་གནང་ཡོད་པའི་ནང༌རྒྱ་ནག་གིས་བོད་ནས་གནས་ཚུལ་ཕྱི་ལ་མ་ཐོད་པའི་དམ་བསྒྲགས་དང་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་ནའང་བོད་ནང་ཕྱི་ཟླ་གསུམ་པ་ནས་བོད་མི་ཞི་བའི་སྒེར་ལང་བྱུང་ནས་ཟླ་བ་དྲུག་ཙམ་ཕྱིན་ཚར་བའི་རྗེས་ཀྱི་ད་ལྟའི་སྐབས་ཀྱི་གནས་སྟངས་བཟང་དུ་ཕྱིན་མེད་པ་དང་ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་དུ་ཨོ་ལིམ་པིག་ལུས་རྩལའགྲན་ཚོགས་ཚར་བའི་རྗེས་སུའང་མདོ་སྟོད་སྨད་དབུས་གཙང་སོགས་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་མིའི་དམག་དཔུང་དང་བདེ་སྲུང་མི་སྣ་ད་དུང་མུ་མཐུད་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་དངོས་སུ་ར་འཕྲོད་པའི་པར་འགའ་ཤས་ཕྱི་ལ་ཐོན་ཡོད་པ་རེད།
འདས་པའི་ཉི་མ་འགའ་ཤས་ནང་འབྱོར་བའི་ཁུངས་ལྡན་གནས་ཚུལ་ཞིག་ལ་རྒྱ་གཞུང་ལ་རྒྱབ་འགལ་བྱས་པའི་ནག་ཉེས་འོག་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་གསུམ་ཉིན་འཛིན་བཟུང་བྱས་པའི་མདོ་སྨད་རྐིར་ཏི་དགོན་པའི་དགེ་འདུན་པ་རྡོ་རྗེ་ལགས་དང་ཀུན་དགའ་ལགས་གཉིས་དང་ཡང་དེའི་གོང་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་འཛིན་བཟུང་བྱས་པའི་རྔ་པ་ཐོང་རི་དགོན་པའི་དགུང་གྲངས་སུམ་ཅུ་ལ་ཕེབས་པའི་དགེ་འདུན་པ་འཇམ་དབྱངས་ཉི་མ་ལགས་དང་དེ་མིན་མིང་ཤེས་རྟོགས་མེད་པའི་མི་སྐྱ་ཁག་ཅིག་ལ་བདུན་ཕྲག་འདིའི་ནང་རྔ་པ་རྫོང་གི་ཁྲིམས་ཁང་དུ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་རེད། བདུན་ཕྲག་འདིའི་ནང་ཁྲིམས་བཤེར་བྱ་རྒྱུའི་མི་སྣ་དེ་ཚོའི་ནང་མི་ཁྱིམ་ཚང་གིས་ཁོང་ཚོའི་གནས་སྟངས་དང་ཁོང་ཚོ་གར་ཡོད་སྐོར་གནས་ཚུལ་རྩ་བ་ནས་ཤེས་ཀྱི་མེད་སྟབས་ཁྲིམས་ཁང་ནང་ཁོང་ཚོའི་ཕྱོགས་ནས་ཁྲིམས་རྩོད་བྱ་མཁན་མེད་པའི་གནས་སྟངས་ཆགས་རྒྱུའི་འཇིགས་སྣང་ཡོང་བཞིན་ཡོད་པ་རེད། གོང་ཞུས་གནས་ཚུལ་འབྱུང་ཁུངས་དེས་ད་ལོ་ཕྱི་ཟླ་གསུམ་པའི་ནང་མི་དམངས་ཀྱི་ཞི་བའི་སྒེར་ལངས་བྱུང་བ་ནས་བཟུང་རྔ་པ་ས་ཁུལ་ཅིག་པུའི་ནང་མི་གྲངས་ཉི་ཤུ་ལ་ངོ་རྒོལ་དང་འབྲེལ་བའི་ཉེས་འཛུགས་ཀྱི་ཐོག་ནས་ཁྲིམས་གཅོད་ཉེས་ཆད་བཏང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག
དེ་མིན་བོད་ཤར་ཕྱོགས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་པའི་ཨ་མི་རི་ཀའི་ནང་གནས་སྡོད་བྱེད་མཁན་ཐའེ་ལྦན་མི་རིགས་གཅིག་གིས་པར་འགའ་ཤས་རྒྱབ་ཡོད་པའི་ནང་ཁམས་ཀྱི་ལི་ཐང་དང་དཀར་མཛེས་ས་ཁུལ་ནང་ད་ལོའི་དབྱར་ཁའི་སྐབས་དྲག་ཆས་གོ་མཚོན་སྤྲས་པའི་རྒྱ་མིའི་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང་མི་སྣ་དེས་ཁོང་ཕེབས་སའི་བོད་ཀྱི་ས་ཁུལ་དེ་ཚོའི་ནང་དམག་སར་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བཞག དེ་བཞིན་ཨ་རི་བ་ཞིག་གིས་མཚོ་སྔོན་དང་ཀན་སུ་གཉིས་ནང་དགོན་པ་ཁག་དང་གྲོང་དང་གྲོང་གདལ་མང་པོ་ཞིག་ལ་ལྟ་སྐོར་ལ་ཕེབས་སྐབས་དགོན་པའི་ཕྱི་དང་ལམ་གཞུང་ཁག་གི་ཐོག་མེ་མདའ་འཁྱེར་བའི་རྒྱ་མིའི་དམག་མི་ཕྱོགས་གང་སར་འགྲེམས་འཛུགས་བྱས་ཡོད་པའི་གནས་སྟངས་ཛ་དྲག་ཡོད་པ་ཁོང་གིས་གཟིགས་འདུག