བལ་ཡུལ་གཞུང་གིས་བོད་མི་འཛིན་བཟུང་བྱས་པར་སྐྱོན་བརྗོད།

བལ་ཡུལ་ནང་ཡོད་པའི་བོད་ཀྱི་བེུད་ལྷན་ཚོགས་དང་སྣེ་ལེན་ཁང་གི་འགན་འཛིན་བཅས་མི་གསུམ་འཛིན་བཟུང་བྱས་པར་སྐྱོན་བརྗོད་གནང་འདུག

༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་ཀྱི་བེུད་ལྷན་ཚོགས་དང་སྣེ་ལེན་ཁང་གི་འགན་འཛིན་བཅས་མི་གསུམ་འཛིན་བཟུང་བྱས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་འཛུགས་ཀྱིས་ཁྲིམས་ཐག་བཅད་ཡོད་པར་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བལ་ཡུལ་གཞུང་གི་བྱ་སྤྱོད་དེར་བསྐྱོན་བརྗོད་གནང་ཡོད་པ་རེད། བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ ཉིན་ནས་བོད་མིའི་སྒེར་ལངས་བྱས་ནས་ཚེས་༡༤ཉིན་རྒྱ་ནག་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱས་པའི་རྗེས་ བོད་མི་གནས་ཡོད་འཛམ་གླིང་ཡུལ་གྲུ་གང་སའི་ནང་རྒྱ་ནག་གཞུང་ཕྱོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་བཞིན་། བལ་ཡུལ་ནང་ཉིན་ལྟར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པར་བརྟེན་ནས་། ཚེས་༡༩ཉིན་བལ་ཡུལ་ཉེན་རྟོག་མི་སྣས་གསང་སྟབས་ཀྱི་ཐོག་ནས་བལ་ཡུལ་ནང་ཡོད་པའི་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་ཆུང་ལགས་དང་། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟང་པོ་ལགས་ ཚོགས་གཙོ་གཞོན་པ་བཀྲིས་སྒྲོལ་མ་ལགས་གསུམ་འཛིན་བཟུང་བྱས་ནས་ རྒྱ་ནག་ལ་ངོ་རྒོལ་བྱས་པར་ཉེས་བཙུགས་ཀྱིས་ ཟླ་བ་གསུམ་རིང་འཛིན་བཟུང་བཀག་ཉར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་བལ་ཡུལ་གྱི་ཉེན་རྟོག་དཔོན་ སཱར་སྦན་རྡར་ ཁཱན་ན་ ཟེར་བས་གཟའ་པ་སངས་ཉིན་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་རེད་། གནད་དོན་དེའི་ཐོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ བལ་ཡུལ་གཞུང་གསར་པ་བཙུགས་མ་ཐག་གི་དུས་སྐབས་དེ་འདྲ་ཞིག་གི་འོག་བོད་མིའི་ཚོགས་སྡེའི་དབུ་འཁྲིད་འཛིན་བཟུང་ཁྲིམས་ཐག་བཅད་ཡས་ཀྱི་བྱ་སྤྱོད་སྤེལ་ཡས་དེ་ནི་ཧ་ཅང་གི་བློ་ཕམ་བྱེད་དགོས་ཡས་ཡིན་པ་རེད་ལ་། དེའི་ཐོག་ནས་བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་དང་ཤུགས་རྐྱེན་ཆེན་པོ་ཡོད་པ་ཡང་གསལ་པོ་ཡིན་པས་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བལ་ཡུལ་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་ཡོད་པ་དང་ཆབས་ཅིག་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་བོད་མི་གསུམ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org