བོད་དུ་དམ་བསྒྲགས་མཚམས་འཇོག་ཆེད་ཛ་དྲག་འབོད་སྐུལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་ཆེདའབོད་སྐུལ།

༄༅༎ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས། རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྨད་རྔ་པ་དང་ཁམས་དཀར་མཛེས་ཁུལ་གྱི་དགོན་པ་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ནང་དམག་མི་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་འགྲོ་བ་མིའི་བལྟ་རྟོགས་ཚོགས་པས་གསུང་པར། བོད་ཀྱི་རྔ་པ་ཁུལ་དང་ཁམས་རྟའུ་ཁུལ་དུ་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་གནས་སྟངས་ཛ་དྲག་འགྲོ་བཞིན་པའི་དོན་རྐྱེན་དེ་ནི། རྒྱ་ནག་གཞུང་གིས་བོད་མི་དམངས་ལ་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱེད་དྲགས་པའི་རྐྱེན་གྱིས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་ལམ་དེ་ལྟ་བུར་བསྐྱོད་དགོས་བྱུང་བ་ཡིན་པའི་སྐྱོན་བརྗོད་གནང་བ་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཚ་རླབས་འཕེལ་བ་ནས་བཟུང་བོད་ཀྱི་རྔ་པ་ཁུལ་གྱི་དགོན་སྡེ་ཁག་ནང་དམ་བསྒྲགས་ཀྱི་སྲིད་ཇུས་ཤུགས་ཆེ་རུ་བཏང་སྟེ། དགོན་པའི་ཐོག་དམག་དཔུང་འགྲེམས་འཇོག་བྱས་པ་དང༌། དགེ་འདུན་པ་གང་བྱུང་དུ་འཛིན་བཟུང་བྱས་པ། དགོན་པའི་ནང་དུ་བལྟ་རྟོགས་བྱེད་མཁན་མང་དུ་བཏང་བ་མ་ཟད། དགོན་པའི་རྒྱུན་ལྡན་གྱི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་བལྟ་ཞིབ་དང་བཏང་འཛིན་བྱེད་རྒྱུའི་ཆེད་དུ་དགོན་པའི་ནང་དུ་དམག་མི་གནས་སྡོད་བྱེད་མཁན་མང་དུ་བཏང་བའི་གནས་སྟངས་ལུང་འདྲེན་གནང་ཡོད་པ་རེད། ད་དུང་འགྲོ་བ་མིའི་བལྟ་རྟོགས་ཚོགས་པ་དེ་ཡིས། རྒྱ་ནག་གཞུང་ལ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཙན་དབང་གིས་ཕྱིར་འབུད་བྱས་པ་རྣམས་ག་པར་ཡོད་མེད་ཀྱི་གནས་ཚུལ་གསལ་བཏོན་བྱེད་དགོས་པ་དང༌། རྒྱ་ནག་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་དོ་སྣང་བྱ་དགོས་པ།  དམིགས་བསལ་འགྲོ་བ་མིའི་ཐོབ་ཐོག་གི་གནས་སྟངས་ཐོག་ལ་བློ་འཚབ་བྱེད་དགོས་པའི་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། གོང་གསལ་འགྲོ་བ་མིའི་བལྟ་རྟོགས་ཚོགས་པ་དེས་ཟླ་བ་འདིའི་ཕྱི་ཚེས་༡༣ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་༢༠༠༢ ནས་འགོ་བཙུགས་ཏེ་བོད་ཀྱི་རྔ་པ་ཁུལ་དུ་དམ་བསྒྲགས་ཀྱི་ལས་གཞིར་དམིགས་པའི་འགྲོ་གྲོན་སྤར་བྱ་ཆེན་པོ་བྱས་ཏེ། ༢༠༠༩ ལོའི་རྗེས་ནས་ཟི་ཁྲོན་ཞིང་ཆེན་ཁུལ་གྱི་བོད་རིགས་མ་ཡིན་པའི་ཉེན་རྟོག་པའི་ལས་དོན་ཐོག་བཏང་བའི་འགྲོ་གྲོན་ལས་རྔ་པའི་ཁུལ་དུ་དམ་བསྒྲགས་ཆེད་དུ་འགྲོ་གྲོན་ལྡབ་ལྔས་མང་བ་བཏང་ཡོད་པའི་སྐོར་བཀོད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org