བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐོར།
རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོབ་གལ་ཆེ་ཡིན་ལུགས་ནན་བརྗོད་བྱས་འདུག
-
2010-01-23 -
-
-
༄༅༎ཉེ་དུས་ཟླ་བ་འདིའི་ཚེས་༡༨ནས་༢༠བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དེ་སྐོང་ཚོགས་གནང་ཡོད་པའི་ཐོག་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་དགོས་མཁོ་ཡིན་སྐོར་ནན་བརྗོད་གནང་འདུག།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོང་ཚོགས་གནང་བའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་དང་སྲིད་བློན་ལྦུན་ཅ་པའོ་གཉིས་ཀྱི་གཙོས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ ལྦུའུ་པང་གོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ ཞི་ཅེན་ཕིང༌། ལི་ཁེ་ཆང༌། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ ཧེ་གོ་ཆང༌། རྒྱ་ནག་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ ཀྲོའུ་ཡུང་ཁང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཧུ་ཅིང་ཐའོ་ཡིས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་༥༠དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་༢༠ཕྱིན་པའི་རིང་འབད་བརྩོན་ལྷོད་མེད་བྱས་པའི་རྐྱེན་གྱིས་བོད་ལྗོངས་སུ་གཞི་རྩའི་འབྱོར་འབྲིང་ཕལ་ཆེ་མངོན་དུ་གྱུར་ཞིང༌། བོད་ལྗོངས་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་གནང་ཡོད་ནའང༌། དེང་སང་གི་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་། སྔར་བཞིན་མི་དམངས་ཀྱི་ཉིན་བཞིན་གོང་དུ་འཕེལ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་དང༌། བོད་ལྗོངས་སུ་ད་དུང་རིགས་སོ་སོའི་མི་དམངས་དང་ཏཱ་ལའི་ཡིས་ཚབ་བྱས་པའི་ཁ་བྲལ་སྟོབས་ཤུགས་གཉིས་བར་གྱི་དམིགས་བསལ་འགལ་བ་གཉིས་ཡིན་སྟབས། འགལ་བ་དེ་གཉིས་སེལ་བའི་ཐོག་ནས་བོད་ལྗོངས་ལས་དོན་གཙོ་བོ་ནི་ངེས་པར་དུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཐག་གཅད་ཡོད་སྐོར་ ཧུ་ཅིང་ཐའོ་ཡིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་༥པའི་ཐོག་གཏམ་བཤད་གནང་འདུག། དེའི་གོང་གི་ཚོགས་འདུ་ཐེངས་བཞི་པ་དེ་༢༠༠༡ལོར་པེ་ཅིང་དུ་ཚོགས་ཡོད་པ་རེད།