འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨོསི་ཊརེ་ལི་ཡ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨོསི་ཊརེ་ལི་ཡའི་འབྲེལ་ཡོད་ཚོགས་ཆུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

ཨོསི་ཊརེ་ལི་ཡའི་(Australia)ཕྱི་སྲིད་བློན་ཆེན་(Penny Wong)་དང་སྲིད་བློན་(Anthony Albanese)་གཉིས། ༡༢།༠༧།༢༠༢༣ AFP via Getty Images

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་(Human Rights Watch)་ཕྱི་ཟླ་༩ཚེས་༢༢ཉིན་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་གོང་མའི་ཕྱི་སྲིད་དང་སྲུང་སྐྱོབ། ཚོང་དོན་བཅས་ཀྱི་ཚོགས་ཆུང་ལ་སྙན་ཞུ་ཕུལ་ཡོད་པའི་ནང་། ཨོསི་ཊརེ་ལི་ཡ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་གཅོད་པའི་བརྒྱུད་རིམ་ཁྲོད་སྤྱི་དམངས་མཉམ་ཞུགས་ལེགས་པོ་གནང་རྒྱུ་དང་། ཨེ་ཤེ་ཡའི་ནང་གི་ལྐོག་ཟ་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་མི་སྒེར་དང་ཚོགས་སྡེ་ཁག་ཉེས་ཆད་གཅོད་པའི་བློ་སྟོབས་ཆེ་བའི་ཐབས་ལམ་བརྒྱུད་ནས་ཤུགས་ཆེ་རུ་གཏོང་དགོས་པ་བརྗོད་འདུག་པ་མ་ཟད། ཚོགས་ཆུང་འདིས་ད་ལྟ་ཨོསི་ཊརེ་ལི་ཡའི་སྲིད་གཞུང་གིས་ཉེས་ཆད་གཅོད་པའི་བརྒྱུད་རིམ་ཐད་བསྐྱར་ཞིབ་བྱེད་པའི་དུས་ཚོད་ཅིག་འཁེལ་གྱི་ཡོད་འདུག

དེ་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཨོསི་ཊརེ་ལི་ཡའི་ཕྱོགས་ཀྱི་འགན་འཛིན་ཌ་ནེ་ལཱ་གྷབ་ཤོན་གྱིས་བརྗོད་དོན་དུ། ཨོསི་ཊརེ་ལི་ཡས་ཉེས་ཆད་གཅོད་ཡུལ་གྱི་ཐོ་གཞུང་ནང་རྒྱ་ནག་གི་ལས་བྱེད་པ་ཁག་ཅིག་གིས་ཤིན་ཅང་ཁུལ་གྱི་མིའི་རིགས་ལ་གནོད་འཚེ་བྱས་པའམ་ཧོང་ཀོང་གི་མང་གཙོའི་རང་དབང་ཐོག་དྲག་གནོན་ཤུགས་ཆེན་བྱས་པའི་ཉེས་ཅན་པ་རྣམས་ཚུད་མེད་ཅེས་དང་། ཁོང་གིས་ད་དུང་དམིགས་བཀར་གྱི་ཉེས་ཆད་ནི་ནུས་པ་ལྡན་པའི་ལག་ཆ་ཞིག་ཡིན། ལྷག་པར་དུ་ཕྱི་འབྲེལ་གྱི་ཐབས་ལམ་གཞན་ལ་ནུས་པ་ཞན་སྐབས་མངའ་ཁུལ་དེའི་མི་མང་གི་ཁ་གཏད་དུ་ལངས་ན་ཕན་ནུས་ཆེ་བ་འབོད་སྐུལ་བསྒྲགས་གཏམ་ནང་གསལ་སྟོན་གནང་འདུག

གཞན་ཡང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་ནས་ལོ་བཅུ་ལྷག་ཙམ་སོང་བའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་ཁྱོན་ཡོངས་སུ་དྲག་གནོན་ཇེ་ཆེར་བཏང་སྟེ། དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོ་གང་བྱུང་བཀག་ཉར་བྱེད་པ་དང་། དམངས་ཀྱི་སྤྱི་ཚོགས་དང་། གསར་འགྱུར་བརྒྱུད་ལམ། དྲ་རྒྱ་བཅས་ལ་སྟངས་འཛིན་དམ་པོ་བྱེད་བཞིན་ཡོད་པར་མ་ཟད། བཙན་འཛུལ་རང་བཞིན་གྱི་ཞིབ་བཤེར་གྱི་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་ཁར། ལྷག་པར་དུ་ཞིན་ཅང་དང་བོད་དུ་བཙན་ཤེད་ཀྱི་སྒོ་ནས་བྱ་སྤྱོད་འདིའི་རིགས་ལག་བསྟར་བྱེད་བཞིན་ཡོད་པས་ཨོསི་ཊརེ་ལི་ཡའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

གོང་ཞུས་གནས་ཚུལ་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་ཕྱི་སྲིད་དང་སྲུང་སྐྱོབ། ཚོང་དོན་བཅས་ཀྱི་ཚོགས་ཆུང་ལ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱུང་མ་སོང་།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org