ཧོང་ཀོང་གི་ཁྲིམས་དཔོན་བསྐོ་བཞག་ཐད་རྒྱ་ནག་གིས་ཇུས་གཏོཊ་བྱེད་བཞིན་པའི་དངངས་འཚབ་དང་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་གཏན་འབེབས་བྱས་བའི་ཁྲིམས་གཞི་གསར་བ་ལྟར་མ་འོངས་ཧོང་ཀོང་ནང་ཁྲིམས་དཔོན་བསྐོ་བཞག་བྱེད་སྟངས་ཐད་ཁྲིམས་རྩོད་པ་བགྲེས་བ་ཚོས་དངས་འཚབ་དང་བཅས་སྐྱོན་བརྗོད་བྱས་འདུག
-
2020-06-22 -
-
-
རྒྱ་ནག་གཞུང་གིས་གཏན་འབེབས་བྱས་བའི་ཁྲིམས་གཞི་གསར་བ་ལྟར་མ་འོངས་ཧོང་ཀོང་ནང་ཁྲིམས་དཔོན་བསྐོ་བཞག་བྱེད་སྟངས་ཐད་ཁྲིམས་རྩོད་པ་བགྲེས་བ་ཚོས་དངས་འཚབ་དང་བཅས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཁྲིམས་གཞི་གསར་བ་གཏན་འབེབས་བྱས་བ་དེའི་ནང་། མ་འོངས་པར་ཧོང་ཀོང་དམིགས་བསལ་གྱི་ས་ཁུལ་དེའི་ཁྲིམས་དཔོན་རྣམས་ཁུལ་དེའི་འཛིན་སྐྱོང་འགོ་ཁྲིད་ཚོར་འདེམས་འཇུག་རྒྱུའི་འཆར་གཞི་དེར་ཧོང་ཀོང་ནང་གི་ཁྲིམས་རྩོད་པ་བགྲེས་པ་རྣམས་ཀྱིས་དངངས་འཚབ་གནང་གི་ཡོད་འདུག
དེ་ཡང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ཧོང་ཀོང་དང་འབྲེལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་བ་དེ། རིང་མིན་ལག་བསྟར་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུག་གིས་བསྒྲགས་ཡོད་པ་དང་། ཁྲིམས་གཞི་དེའི་ནང་མ་འོངས་པར་ཧོང་ཀོང་ནང་ཁྲིམས་ཀྱི་ལྷན་ཁང་ཞིག་འཛུགས་འཆར་ཡོད་དང་། དེར་རྒྱ་ནག་དབུས་གཞུང་གི་ལས་བྱེད་མི་སྣས་ལྟ་རྟོགས་བྱེད་རྒྱུ། ཧོང་ཀོང་ས་གནས་ཀྱི་ཁྲིམས་དཔོན་རྣམས་ས་གནས་འཛིན་སྐྱོང་དཔོན་རིགས་(Carrie Lam)་ལགས་སུ་བསྐོ་བཞག་བྱེད་ཆོག་པའི་དབང་ཚད་སྤྲོད་རྒྱུ་ཡིན་པའི་སྐོར་ཁྲིམས་གཞི་གསར་པ་དེའི་ནང་བཀོད་ཡོད་པ་རེད།
ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཁྲིམས་རྩོད་པའི་ཚོགས་གཙོ་སྐུ་ཞབས་(Philip Dykes)་ལགས་ཀྱིས། གོང་ཞུས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་གཞི་དེ་རྣམ་ཀུན་དང་མི་འདྲ་བ་ཞིག་རེད། དེ་ནི་༡༩༩༧་ལོར་དབྱིན་ཇི་ཡིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་རྗེས་ཀྱི་འགྱུར་བ་ཆེ་ཤོས་ཞིག་ཡིན་པ་དང་། དེ་ནི་ཧོང་ཀོང་ནང་གི་རང་དབང་དང་དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་སོགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡིན་པའི་སྐྱོན་བརྗོད་གནང་འདུག་ལ། དེ་བཞིན་ཧོང་ཀོང་ནང་གི་ཁྲིམས་རྩོད་པ་བགྲེས་པ་རྣམས་ཀྱིས་ཀྱང་དེའི་ཐད་དངངས་འཚབ་གནང་གི་ཡོད་འདུག
ད་རེས་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ཧོང་ཀོང་དང་འབྲེལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་བ་དེར། ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བ་དང་། མི་དམངས། ཕྱིའི་གཞུང་དང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཧོང་ཀོང་ནང་གི་མི་མང་པོས་དེར་སེམས་ཁྲལ་གྱིས་དབྱིན་ཡུལ་སོགས་སུ་གནས་སྤོར་བྱེད་པའི་གནས་ཚུལ་ཡང་ཡོང་བཞིན་པ་རེད།